R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 27
[A:27]ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་པ་གང་ཞིག་འདོད་ཆགས་དང་བྲལ་བར་བྱ་རྒྱུ་འགོག་པའི་བདེན་པ་དང༌། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་འཕགས་པ་རྣམས་ཀྱི་མཉམ་གཞག་ཡུལ་ཅན་སྣང་བ་མེད་པའི་ཤེས་རབ་ལམ་གྱི་བདེན་པའོ། །ཡང་ན་རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། ། འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་པས་ཐ་སྙད་པ་དང་རིག་པའི་ཤེས་པས་རྟོགས་བྱ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སོ། །གལ་ཏེ་དོན་དམ་པ་ནི་རྟོགས་བྱ་དང་བསྟན་བྱ་མ་ཡིན་ཏེ། ཤེས་པ་དང་བརྗོད་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ལྷག་པའི་བསམ་པ་བསྟན་པའི་མདོ་ལས། ཀུན་དགའ་བོ་ཆོས་ནི་རྣ་བས་ཉན་པར་མི་ནུས་ཏེ། བརྗོད་དུ་མེད་པའི་ཕྱིར་རོ། །ཞེས་པ་དང༌། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པས་སོ་ཞེ་ན། བརྗོད་དུ་མེད་པའི་དོན་དེ་ཉིད་ལུང་གིས་སྒྲོ་བཏགས་ནས་བརྗོད་པས་ཀུན་རྫོབ་ཏུ་གདུལ་བྱའི་བློ་ལ་རྟོགས་པའི་ཆོས་ཀྱི་དོན་སྤྱི་གཟུགས་བརྙན་ཙམ་འཇོག་ཅིང་རྒྱུད་ལ་གོ་བ་འཕེན་པར་བྱེད་པ་སྟེ། དབུ་མ་ལ་འཇུག་པ་ལས།
འདི་འཇུག་པ་ན་མེད་ཏིང་ངེ་འཛིན་རྒྱལ་པོའི་མདོ་སྡེ་ན་ཡོད།
ཡི་གེ་མེད་པའི་ཆོས་རྣམས་ནི། ། ཉན་དང་བཤད་པར་ནུས་མ་ཡིན། །འོན་ཀྱང་དེས་ནི་སྒྲོ་བཏགས་ནས། །ཉན་དང་བཤད་པར་བྱེད་པ་ཡིན། །ཞེས་སོ། ༈ །གཉིས་པ་ལུང་གི་ཆོས་ནི་བརྗོད་བྱ་བདེན་གཉིས་སྟོན་པའི་རྗོད་བྱེད་ངག་ཚིག་དྲི་མ་མེད་པ་ཡིན་པས་དེ་ལ་བཞི་སྟེ། སྒྲ་བཤད་པ་དང༌། མཚན་ཉིད། མཚན་གཞི་དང༌། མཚོན་བྱའི་དབྱེ་བའོ། །དང་པོ་