R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 112
[A:112]འདས༑ ༑ཞེས་པ་དང༌། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ཉིད་བསྒོམ་པ་ལ་ནི་རབ་ཏུ་སྦྱར། །དེ་ལ་དངོས་གྲུབ་བླ་ན་མེད་པ་འབྱུང༌། །ཞེས་པ་ལ་སོགས་པ་གསུངས་མོད་ཀྱི་མདོར་བསྡུས་ན། གསུམ་སྟེ། གཏི་མུག་མེད་པའི་དགེ་བ་ཡིན་པས། ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བ་དང༌། སྒྲོ་འདོགས་བསལ་ནས་ཤེས་རབ་སྐྱེ་བ་དང༌། ཀུན་གྱིས་བསྟོད་ཅིང་བཀུར་བ་ཐོབ་པ་དང༌། ལམ་བསྒྲུབ་པ་ལ་གཞན་གྱི་དྲིང་མི་འཇོག་པ་གསུམ་གྱིས་ཚེ་འདིར་ཡོན་ཏན་གྱི་ཆོས་ཐོབ་པ་དང༌། རིམ་གྱིས་ཐོས་བསམ་སྒོམ་པ་ལ་འཇུག་པས་མཐར་སངས་རྒྱས་ཐོབ་པའོ། །གསུམ་པ་སྐབས་དོན་ལ་སྦྱར་བ་ནི་རྣམ་བཤད་རིག་པ་ལས། རས་འདུལ་བ་དང༌། དྲི་མ་ཅན། མི་མཉམ་པ་དང་འདྲ་བ༑ ཉན་པ་པོ་དང༌། གཡེང་བ་དང༌། རྨུགས་པ་དང་སྒྲིབ་པ་ཅན་ཡིན་ལ། ཚོས་རྩི་མི་བཟང་བ་དང་འདྲ་བ་ཉེས་པས་སྤྱད་པའི་ཆོས་ཡིན་ཞིང༌། རི་མོ་མི་མཁས་པ་དང་འདྲ་བ་ཆོས་སྨྲ་བ་པོ་ཡིན་ནོ། །དེ་ལྟ་བས་ན་ཆོས་ལ་སྐྱོན་མེད་ཁྱོད་དམ་བདག་ལ་སྐྱོན་སྲིད་པས་ཁྱོད་ཀྱིས་ཀྱང་གུས་པར་ཉན་ཅིང་བདག་གིས་ཀྱང་གུས་པར་བཤད་པར་བྱའོ། །ཞེས་པས་ཤེས་ལྡན་དག་དེ་ལྟ་བས་ན་ཁྱོད་ཀྱིས་ཀྱང་སྣོད་ཀྱི་སྐྱོན་རྣམས་སྤངས་ཏེ། ཆོས་ཐོས་པའི་ཕན་ཡོན་དེ་དག་ཐུགས་ལ་ཞོག་ལ། ཚུལ་དེ་ལྟ་བུས་ལེགས་པར་གསན་པར་མཛོད་ཅིག་དང༌། ཁོ་བོས་ཀྱང་བཤད་པའི་སྐྱོན་དེ་རྣམས་སྤངས་ཏེ་ཕན་ཡོན་དེ་དག་ཡིད་ལ་བཞག་ལ་ཚུལ་དེ་ལྟ་བུས་ལེགས་པར་བཤད་པར་བྱའོ། །ཞེས་བརྗོད་དོ། །མདོ་སྡེ་ལས། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །ཞེས་སོ།། །། ༈ ལས་དང་བྱེད་པ་འབྲས་བུ་ཡིས།།གཞུང་འདིའི་སྐབས་དོན་རྫོགས་པ་