[A:111]བས༑ ༑ཚིག་བཞི་ཚིགས་སུ་བཅད་པ་གཅིག་བརྗོད་པའི། །ཆོས་ཀྱི་སྦྱིན་པ་རབ་མཆོག་ཁྱད་པར་འཕགས། །ཞེས་པས་ཟང་ཟིང་གི་སྦྱིན་པ་བས་མཆོག་ཏུ་གྱུར་པ་དང་༑ ཕན་འདོགས་བྱེད་པར་འདོད་པ་དང༌། གང་གིས་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང༌། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །སྟོན་པ་རྣམས་ལ་མཆོད་པ་བྱས་པ་བས། །འགྲོ་ལ་ཆོས་སྟོན་མཆོད་པ་ཁྱད་པར་འཕགས།།ཞེས་པས་སྟོན་པ་ལ་མཆོད་པ་བླ་ན་མེད་པར་འགྱུར་རོ། །གསུམ་པ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ།། དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང༌། དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད།། ཅེས་པ་ལ་སོགས་པ་གསུངས་མོད་ཀྱི་མདོར་བསྡུས་ན་གསུམ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་གཞན་གྱིས་མ་རྟོགས་པ་རྟོགས་པར་བྱེད་པ་དང༌། རང་གིས་རྟོགས་པ་སྦྱོང་བ་དང་༑ ཐུན་མོང་དུ་བསྟན་པ་གནས་པར་བྱེད་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་རྟག་ཏུ་སྐྱེ་བ་དྲན་ཞིང་ཆོས་ཀྱི་བསྒོམ་པའི་ཚུལ་ཤེས། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་ཆོས་སྟོན་པའི་བཤེས་གཉེན་དང༌། མཐར་གྱིས་ཆོས་ཀྱི་རྒྱལ་པོ་ཉིད་དུ་འགྱུར་བའོ། །གཉིས་པ་ཉན་པའི་འབྲས་བུ་ནི་མདོ་ལས། མ་ཐོས་པ་ལས་ཤེས་མི་འགྱུར། །ཞེས་པ་དང༌། ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས༑ ༑ཞེས་པ་དང༌། ཕལ་པོ་ཆེའི་མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད༑ ༑ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌།། ཐོས་པས་ཤེས་རབ་འཕེལ་བར་བྱེད། །ཤེས་རབ་ཀྱིས་ནི་དོན་རྣམ་སྦྱོང༌། །དོན་མཐོང་དེ་ནི་བདེ་ཐོབ་འགྱུར། །བདེ་ཐོབ་དེ་ནི་ཡིད་རྣོ་སྟེ། །ཚེ་འདི་ཉིད་ལ་མྱ་ངན་