R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 247
[A:247]མཆོག་གི་བཤད་རྒྱུད་ཐུན་མོང་བ་མགོན་པོ་དངོས་གྲུབ་འབྱུང་བ་དཀྱིལ་འཁོར་བདུན་གསུངས་པ་ལས། ལྷ་བཅུ་གསུམ་མའི་རྗེས་གནང་མཚལ་ལུགས་ཞང་གཡུ་བྲག་པ་ནས་བརྒྱུད་པ་རྗེས་གནང་དུས། སྐུའི་གཏོར་མ། གསུང་བདུད་རྩི། ཐུགས་རྡོ་རྗེ། ཕྱག་མཚན་བཞི། སྔགས་ལུང༌། བཀའ་གཏད་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། ཀླུ་སྒྲུབ་སྙིང་པོ། ཨཱརྱ་དེ་བ། དུས་ཞབས་པ་ཆེ་ཆུང་གཉིས། རྡོ་རྗེ་གདན་པ། ཙ་མི་སངས་རྒྱས་གྲགས། ཨ་བྷྱ་ཀ་ར། རྗེ་བཙུན་རྒྭ་ལོ། ཞང་གཡུ་བྲག་པ། ཤཱཀྱ་ཡེ་ཤེས། བཙན་ཁང་པ། སངས་རྒྱས་གཞོན་ནུ། གསེར་ཁང་སྟེང་པ། གྲགས་པ་བཟང་པོ། ཤཱཀྱ་བསོད་ནམས། ཆོས་བཟང་པ། དཔལ་ལྡན་རྒྱལ་མཚན། གྲགས་པ་བསོད་ནམས། དགེ་འདུན་དཔལ་ལྡན། སྤྱན་སྔ་གྲགས་པ་རྒྱ་མཚོ། སྤྱན་སྔ་ངག་དབང་རྒྱ་མཚོ། སྤྱན་སྔ་བསོད་ནམས་རབ་བརྟན། སྤྱན་སྔ་སྐལ་ལྡན་རྒྱ་མཚོ། ཟུར་ཆོས་དབྱིངས་རང་གྲོལ། རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས། རྣམ་སྲས་གླིང་པཎྜི་ཏ་ཆེན་པོ་དཀོན་མཆོག་ཆོས་གྲགས། དེས་བདག་གོ ། ༈ མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ལ། རྒྱུད་ནི་བུ་སྟོན་རིན་པོ་ཆེས་ཐེ་ཚོམ་གྱི་གཞིར་བཞག་ཀྱང༌། བླ་མ་ཕལ་ཆེར་ཚད་མར་འཛིན་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་ལེའུ་བཅུ་བཞི་པར། མགོན་པོ་ཀུན་གྱི་གནས་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། །དང་པོ་གྲི་གུག་ཐོད་ཁྲག་འཛིན། ། སྤྱན་གསུམ་མཐིང་ནག་རྔམ་པ་ཡི། །གཡས་གཡོན་བར་པ་ཕྲེང་བ་དང༌། །ཌ་མ་རུ་ནི་འཛིན་ཅིང་བརྡུང༌། །མཐའ་མ་གཉིས་ཀྱིས་ཁ་ཊྭཱཾ་དང༌། །སྡིགས་མཛུབ་ཞགས་པས་འཆིང་བར་མཛད། །ཅེས་དང༌། ཤངས་པ་རྣམས་ཀྱི་རང་སྐད་ལ་རྒྱུད་ཚད་ལྡན་རྟ་མགྲིན་གྱིས་གསུངས་པའི་ལེའུ་བརྒྱད་པའི་ལེའུ་གཉིས་པར། ནག་པོ་ཞལ་གཅིག་ཕྱག་དྲུག་པ།།