[A:174]རེའུ་མིག་དགུ། དེའི་ཕྱི་རོལ་དུ་སྣམ་བུ་ཟླུམ་པོས་བསྐོར་བ། དེའི་ཕྱི་རོལ་གྲུ་བཞི་སྒོ་བཞི་སོགས་གསུངས་ངོར་དང་སྒྱི་ཆུ་དང་རྒྱུད་དང་མཐུན། ལ་ལི་ཏ་བཛྲ་གྱིས་མཛད་པའི་རོ་ལངས་བརྒྱད་བསྐོར་ཆུང་བ་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་མཛེས་ནས། དེ་བཞིན་ཟླ་བ་ཕྱེད་པས་སོ། །དེ་ཡི་དབུས་སུ་འཁོར་ལོ་ནི། །རེའུ་མིག་དགུ་པ་ཟླུམ་པོའོ། །ཞེས་དང༌། འཕགས་པ་རིན་པོ་ཆེའི་དཀྱིལ་ཆོག་ཏུ་ཐོད་པ་སྐམ་པོའི་ར་བ་ཟླུམ་པོ་ཞེས་གསུངས་སོ། །རྨོངས་པའི་བརྒྱུད་པ་དག །གཞལ་ཡས་ཁང་གྲུ་བཞི་པའི་ནང་དུ་གཞལ་ཡས་ཁང་ཟླུམ་པོ་འདོད་སྣམ་ལ་ཀེང་རུས་ཀྱི་ལྷ་མོ། རྒྱུ་མའི་དྲ་བ་སོགས་བྱེད་པ་ནི་བསོད་ནམས་དམན་པའོ།། །།
༼ང༽
༈ རྣལ་འབྱོར་གྱི་རྒྱུད་ལ་ཐབས་གཙོ་བོར་སྟོན་པ་དང༌། ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་གཉིས་ཀྱི་དང་པོ་ལ་རྩ་བའི་རྒྱུད། བཤད་པའི་རྒྱུད། འཕྲོས་པའམ་ཆ་མཐུན་གྱི་རྒྱུད་གསུམ་གྱི་དང་པོ་ལ་དཀྱིལ་འཁོར་ཉིས་བརྒྱ་བཅུ་གསུམ་གསུངས་པ་ལས། རྡོ་རྗེ་དབྱིངས་རྩ་བའི་ལྷ་སོ་བདུན། བསྐལ་བཟང་སེམས་དཔའ་དགུ་བརྒྱ་དང་དགུ་བཅུ་རྩ་དྲུག་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ངག་འདོན་ལ་ཀུན་མཁྱེན་བུའི་དཀྱིལ་ཆོག་རིན་ཆེན་བསམ་འཕེལ་ནས་ཁ་བསྐང་ནས། རྡོ་རྗེ་སློབ་དཔོན་གྱི་དབང་ནས་བཟུང་རྫོགས་པར་ཐོབ་པའི་བརྒྱུད་པ་ཡོ་ག་སྨད་ལུགས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རཱ་ཛ་རབ་གསལ་ཟླ་བ༑ སྒྲ་གཅན་འཛིན། དཔའ་བོ་ཏ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི་དང་བཞི་ལ་ཀུན་