[A:216] ད་ནི་ཞག་གསུམ་གྱི་ཉིན་ཀོང་ཇོ་བུ་མོ་སུམ་བརྒྱའི་དཀྱིལ་དུ་གྲལ་བསྒྲིགས་ནས། ཤར་སྒོའི་ཐང་ལ་འཇོག་པས་སུར་ཐོབ་པ་ལ་སྟེར་བ་ཡིན་གསུངས་ཏེ། བློན་པོ་གཞན་རྣམས་དབང་ཆེ་བས་སྔོན་ལ་ཁོ་ཚོ་འདོམ་དུ་འོང༌། ཁོང་ཚོ་གང་རུང་གིས་ངོ་ཤེས་ནས་ཁྱེར་ལས་ཆེ། ངེད་ཀྱི་ཐོབ་པར་དཀའ། གལ་ཏེ་ཁོང་ཚོས་ངོ་མ་ཤེས་པར་འདུག་ནས། ངེད་ཀྱིས་ངོ་ཤེས་ནའང༌། བརྙས་པ་བྱས་མི་བསྐུར་ལས་ཆེ། གཞན་ཡང་ལས་ཀྱི་དབང་གིས་ཐོབ་ཀྱང༌། ཅི་འདྲ་ཞིག་ཡོད་མ་ཤེས་པས། ཁྱོད་ཀྱིས་ལེགས་པར་སྟོན་དགོས། ངས་ཁྱོད་རང་གི་ཁྱོ་བྱས་ལ་འདིར་སྡོད། ལྷ་གཅིག་བློན་པོ་གཞན་མ་རྣམས་ལ་བསྐུར་བས་ཆོག་བྱས་ནས། གསེར་ཕྱེ་བྲེ་གང་པོ་དེ་བརྔན་པ་ལ་བྱིན་ནོ། །དེར་གནས་མོ་ན་རེ། ཁྱེད་བོད་བློན་རྣམས་བདེན། རྒྱལ་པོས་ཉེ་རིང་ཆེ། རྒྱལ་པོ་གཅིག་པོ་མིན་ཏེ། ཁྱེད་བོད་ལ་དགའ་བ་མི་གཅིག་ཀྱང་མི་འདུག བོད་ཡི་དྭགས་ཀྱི་རྒྱལ་ཁམས་ཡིན་ཟེར་གྱིན་འདུག ལྷ་གཅིག་འདི་བློན་པོ་གཞན་རྣམས་ཀྱིས་ཐོབ་ཏུ་རེ་འདུག་ཅིང༌། ཁོང་ཚོ་རིག་པ་ལན་ཅིག་རྣོ་ཡང་སྟེར་བར་འདུག ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་འདི། ངའི་དཔོན་མོ་ཡིན་པས་རྒྱུས་ང་ཆེ་སྟེ། རྒྱ་ནག་རྩིས་ལ་མཁས་པས། རྩིས་ཀྱིས་ངོ་ཤེས་ན། ང་གསོད་འོང་བས། ངས་འཆད་མི་ནུས་ཟེར་རོ། །དེར་མགར་ན་རེ། རྩིས་ཀྱིས་ངོ་མི་ཤེས་པའི་ཐབས་ང་ལ་ཡོད་ཟེར་ནས། ཁྱིམ་གྱི་ནང་དུ་སྒོ་བསྡམས་ཏེ། སྒྱེད་པོ་ཆེན་པོ་གསུམ་བཙུགས། དེའི་སྟེང་དུ་ཟངས་ཆེན་པོ་ཆུས་བཀང་བ་གཅིག་བཞག ཆུ་དེའི་སྟེང་དུ་བྱ་སྣ་ཚོགས་ཀྱི་སྤུ་གཏོར། ཕུབ་དམར་པོ་ཞིག་གིས་ཁ་བཅད། དེའི་སྟེང་དུ་གནས་མོ་བཞག གནས་མོའི་མགོ་ལ་རྫ་མ་གཡོགས། རྫ་མའི་མགོ་ལ་དྲ་བས་གཡོགས། རྫ་མ་ལ་བུག་པ་ཕུག བུག་པ་དང་དྲ་མིག་གི་ནང་དུ་ཟངས་དུང་བཅུག་