R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 219
[A:219]འདུག་པ་དེ། །ཕྱིས་མཁན་ཞིག་གི་བུ་མོ་འདྲ། །འབྲེང་བུ་འདི་ཡི་མང་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །མགར་བ་ཞིག་གི་བུ་མོ་འདྲ། །གོས་ཀྱི་ཐུ་བའི་ནག་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །དར་འཐག་བུ་མོ་ཡིན་པ་འདྲ། ། དར་ཟབ་ལུས་ལ་གོན་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །ལྷ་གཅིག་ཀོང་ཇོ་ཡིན་པ་འདྲ། །སྐུ་མདོག་སྔོ་ལ་དམར་མདངས་ཆགས། །ཞལ་ནས་ཨུཏྤལ་སྔོན་པོ་མནམ། །དྲི་ཞིམ་གཡུ་ཡི་སྦྲང་མ་འཁོར། །མཁུར་ཚོས་ཆོ་ལོ་པདྨ་རིས། ། དཔྲལ་བ་རྗེ་བཙུན་སྒྲོལ་མས་མཚན། །སོ་ཚགས་དམ་ཞིང་སོ་ཞོ་ཅན། །འཕྲུལ་ཆེན་བུ་མོ་གཞན་བས་མཛེས། །ཞེས་པ་ལ་སོགས་པའི་ཡོན་ཏན་བརྗོད་ནས། ལྷ་གཅིག་གི་གོས་ཀྱི་གོང་བ་ནས། མདའི་ལྟོང་གིས་བཟུང་ནས་འཐེན་པས། ལྷ་གཅིག་ངུ་ཞིང་བློན་པོའི་ཕྱིར་འབྲངས་སོ། །དེར་ལྷ་གཅིག་བཤུམ་པ་ལ། བློན་པོ་མགར་གྱིས་སྤྲོ་བ་བསྐྱེད་པའྀ་གླུ་བླངས་ཏེ། ཐོན་མི་སམྦྷོཊ་དང༌། འབྲི་སེ་རུ་གོང་སྟོན་གཉིས་ཀྱིས་རམ་བུ་བཏེག་ནས་འདི་སྐད་དོ། །ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་ཁྱེད། །བདག་གི་ཚིག་ལ་གསོན། །བཀྲ་ཤིས་ཉམས་སུ་དགའ། ། བོད་ཀྱི་རྒྱལ་ཁམས་ན། །རིན་ཆེན་ལྔ་ལས་གྲུབ། །རྒྱལ་པོའི་ཕོ་བྲང་ན། །མི་རྗེ་ལྷ་ཡིས་མཛད། །སྲོང་བཙན་སྒམ་པོ་དེ། །རིགས་གཟུགས་དཔལ་གྱིས་བརྗིད། ། མཐོང་ན་སེམས་ཡིད་འཕྲོག །ཐུགས་རྗེ་ཆེན་པོ་ལགས། །རྒྱལ་སྲིད་ཆོས་བཞིན་བསྐྱངས། །འབངས་རྣམས་བཀའ་ལ་ཉན། །རྒྱལ་བློན་འཁོར་འབངས་རྣམས། ། དགའ་སྐྱིད་གླུ་རུ་ལེན། །ཆོས་ཀྱི་ཉི་མ་ཤར། །དཔའ་གྱི་སྒྲོན་མེ་བཏེག །རི་ལ་ཤིང་སྣ་ཚང༌། །ས་གཞི་ཡངས་པ་ལ། །འབྲུ་སྣ་ལྔ་ཡི་ཚོགས། །གོ་མཚམས་མེད་པར་སྐྱེས། །གསེར་དངུལ་ཟངས་ལྕགས་སོགས། །རིན་ཆེན་དུ་མ་ཡོད། །གནག་