[A:241]པ་བཞིན་དུ་མཛོད། མཚོ་བསུབས་པའི་ཐོག་མ་ལ། ར་དཀར་མོ་ལ་ས་ཁོལ་ལ་བསུབས་ཤིག དེའི་སྟེང་དུ་ལྷ་ཁང་ལེགས་པར་བཞེངས་ཤིག ཕྲག་དོག་གི་ལོག་ལྟ་མ་མཛད་ཅིག ཅེས་རྒྱ་མོ་བཟས་བལ་མོ་བཟའི་གཡོག་མོ་ལ་ལེགས་པར་བསླབས་སོ། །དེར་གཡོག་མོ་དེས་ཁྲི་བཙུན་གྱི་རྩར། འཕྲིན་གོང་འོག་འཛོལ་ཏེ། གོང་གི་སྐྱོན་སེལ་བ། ས་དགྲ་ནོན་པ། ཡོན་ཏན་ཡོད་པ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཞེངས་ནས། ཐབས་རྟེན་འབྲེལ་ལེགས་པར་བཤད་པ་རྣམས་བརྗེད། དེར་ལྷ་ཁང་བཞེངས་པའི་ས་ཆ་གང་བཟང་བར་འདུག་དྲིས་པས། ཕྱོགས་མཐའ་དག་རྣམས་སུ་སྔོན་ལ་ལྷ་ཁང་བཅུ་གཉིས་བརྩིག་དགོས་ཟེར། ར་ལ་ས་ཁོལ་ལ་མཚོ་བསུབས། དེའི་སྟེང་དུ་ལྷ་ཁང་བཞེངས་ཟེར་གྱི་འདུག་བྱས་པས། ཁྲི་བཙུན་ཐེ་ཚོམ་དུ་གྱུར་ཏེ། འོན་ཀྱང་གཡོག་མོས་ཟེར་བ་བཞིན། ར་ལ་ས་བཀལ་ནས་མཚོ་བསུབས་པས། བྱེ་བ་སྟོང་གི་ཆ་ཡང་ཟུབ་མ་འདོད་དོ། །དེར་རྒྱ་མོ་བཟས་ངན་བསླབས་པར་གོ་ནས་ཕྲག་དོག་སྐྱེས། ཤིན་ཏུ་མ་དགའ་བར་གྱུར་ནས། རྒྱལ་པོ་ལ་ཡང་མ་ཞུས་པར། བློན་པོ་འགའ་ཞིག་གི་ཁ་ལ་ཉན་ནས། ལ་དོང་གི་ནེའུ་ཐང་ལ་སའི་དཔྱད་བཟང་བར་ཤེས་ནས། ལྷ་ཁང་རྨང་བཏིང་པས། ཉིན་པར་བརྩིགས་པ་ཐམས་ཅད་ནུབ་མོ་ལྷ་འདྲེས་རྗེས་མེད་པར་བཤིག་འདུག་པས། ཁྲི་བཙུན་ཡི་མུག་ཅིང་སྡུག་བསྔལ་བར་གྱུར་ནས། རྒྱལ་པོ་ལ་ཞུས་པས། རྒྱལ་པོའི་ཞལ་ནས། ཁྱོད་སྡུག་བསྔལ་བར་མ་བྱེད། ང་ལ་གྲོས་འདྲི་ས་ཅིག་ཡོད་དོ་གསུངས་ཏེ། དེའི་མཚན་མོ་རྒྱལ་པོས་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས། ཡིད་དམ་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་ཞིག་འཕྲོས་ནས་མཚོ་ནང་དུ་ཐིམ་པར་གྱུར་ཏོ། །དེར་རྒྱལ་པོའི་ཐུགས་ལ་མཚོ་བསུབས་པའི་སྟེང་དུ་ལྷ་ཁང་བཞེངས་ན་