R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 242
[A:242]བཟང་བར་དགོངས་ནས། ཁྲི་བཙུན་ལ་རྒྱལ་པོའི་ཞལ་ནས། ཆིབས་སྒ་སྟོད་ཅིག་སང་ངེད་གཉིས་སྐྱོ་སངས་ལ་འགྲོའོ་གསུངས་སོ། །དེའི་སང་རྒྱལ་པོ་དང་བཙུན་མོ་གཉིས་མཚོ་འགྲམ་གྱི་ནེའུ་ཐང་ལ་སྐྱོ་སངས་ལ་བྱོན་ཏེ། རྒྱལ་པོའི་ཞལ་ནས། ཁྲི་བཙུན་ལ། ཁྱོད་རང་གི་སོར་གདུབ་ཕུད་ལ་ནམ་མཁའ་ལ་གཏོར་ཅིག དེ་གར་བབས་པའི་ཐང་དུ་ལྷ་ཁང་བརྩིགས་པ་ཡིན་ནོ་གསུངས་པས། དེར་ཁྲི་བཙུན་གྱིས་ཡི་དམ་གྱི་ལྷ་ལ་སྨོན་ལམ་བཏབ་སྟེ། སོར་གདུབ་ནམ་མཁའ་ལ་འཕངས་པས། འོད་ཟེར་གྱི་གོང་བུར་འདྲིལ་ནས་མཚོ་ནང་དུ་ལྷུང་བར་གྱུར་ཏོ། །དེར་ཁྲི་བཙུན་གྱི་བསམ་པ་ལ། མཚོའི་སྟེང་དུ་ལྷ་ཁང་བརྩིག་དགོས་ན། སྐྱེ་བ་འདི་ལ་གྲུབ་པ་མི་སྲིད་སྙམ་ནས། རྟ་ཁ་ནས་བབས་ཏེ་སྡུག་བསྔལ་བར་བྱས་པ་དང༌། རྒྱལ་པོའི་ཞལ་ནས་ཁྱོད་མ་ངུ་བར་མཚོ་ནང་དུ་ལྟོས་ཤིག ཡོན་ཏན་དུ་མ་དང་ལྡན་པར་འདུག་གསུངས་སོ། །དེར་ཁྲི་བཙུན་གྱིས་མཆི་མ་ཕྱིས་ནས་བལྟས་པས། མཚོའི་ནང་ན་འོད་ཟེར་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་ཁྲི་འཕང་དགུ་ཡོད་པ་ཞིག་མཐོང་ངོ༌། །དེ་ལ་བརྟེན་ནས་མཚོ་ནང་ཐམས་ཅད་འོད་ཟེར་གྱི་དྲ་བས་འབྲེལ་ཏེ། ལྷ་ཁང་གི་རི་མོ་ལྟ་བུར་འདུག་པས། ཁྲི་བཙུན་ཡིད་ཆེས་ཏེ། རྒྱལ་པོས་ཀྱང་ལྷ་ཁང་བརྩིག་གྲོགས་མཛད་པར་ཞལ་གྱིས་བཞེས་སོ། །དེའི་སང་རྒྱལ་པོ་བློན་པོའི་ཚོགས་དང་བཅས་པས་རོལ་མོ་དང་བཅས་ཏེ། ཙནྡན་གྱི་སྐུ་རང་བྱོན་གདན་དྲངས་ཏེ་མཚོ་འགྲམ་དུ་བྱོན་ནོ། །དེར་མཚོའི་ཕྱོགས་བཞིར་ས་ཕུར་གདབ་བོ། ། དར་པོ་ཆེ་འཕྱར་ཏེ་སྨོན་ལམ་བཏབ། དེར་ཁྲི་བཙུན་གྱིས་བཻཌཱུརྱའི་ལྷུང་བཟེད་ལ་གསོལ་བ་བཏབ་པས་ཟས་ཆང་དཔག་ཏུ་མེད་པ་བྱུང་སྟེ། བོད་འབངས་ཐམས་ཅད་ལས་ལ་བསྐུལ། སྐྱེ་ཆུ་སྦོ་བ་གདོང་ལ་བསྒྱུར། མཚོའི་ཕྱོགས་བཞིར་རྡོ་