R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 243
[A:243]བསྐྱེད་དུ་བཅུག་ནས། མཚོ་གྲུ་བཞིར་བཅོས་སོ། །མཚོའི་ཕྱོགས་བཞིར་རྡོ་དཔེ་ཆེན་པོ་མཚོའི་ནང་དུ་ལྷགས་པ་བཞི་བཞི་བྱས་ཤིང༌། རྒྱལ་པོས་རྡོ་དཔེ་དེ་རྣམས་ཀྱི་སྟེང་དུ་བྱོན་ནས། མཚོའི་དཀྱིལ་གྱི་འོད་ཟེར་གྱི་མཆོད་རྟེན་དེ་ལ་དམིགས་ཏེ་སྨོན་ལམ་བཏབ། བློན་པོ་རྣམས་ཀྱིས་ཡི་གེ་དྲུག་པའི་སྒྲ་དང་བཅས་ཏེ། རྡོ་རྣམས་མཚོ་ནང་དུ་བསྐྱུར་བས། རྒྱལ་པོའི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས། མཚོ་དེའི་དཀྱིལ་ནས་རྡོའི་མཆོད་རྟེན་ཁྲི་འཕང་གྲུ་བཞིར་ཡོད་པ་ཞིག་རང་ཐག་གི་ལྟེ་བ་ལྟ་བུར་ལྷུན་གྱིས་གྲུབ་སྟེ། སྲ་ཞིང་བརྟན་ལ་མི་འགྱུར་བར་འདུག་པ་རྒྱལ་པོ་ཡབ་ཡུམ་བློན་པོའི་ཚོགས་དང་བཅས་པས་ལེགས་པར་གཟིགས་པས། ཐམས་ཅད་ཡིད་ཆེས་ཤིང་མོས་པར་བྱས་སོ། །དེ་ནས་ཤིང་ཤུག་པའི་སྡོང་པོ་སྦོམ་ལ་རིང་བ་བཅུ་དྲུག་བཅད་ནས། རྩ་བ་ཕྱོགས་བཞིའི་རྡོ་དཔེ་ཆེན་པོ་རྣམས་ལ་གཏད། རྩེ་མོ་མཚོའི་དཀྱིལ་གྱི་རྡོའི་མཆོད་རྟེན་རང་བྱོན་ལ་གཏད་དེ། གདུགས་ཀྱི་རྩིབ་མང་བཞིན་དུ་བྱས་སོ། །དེའི་སྟེང་དུ་ཤིང་གླ་བའི་སྡོང་པོ་སྦོམ་ལ་རིང་བ་མང་པོ་བཅད་ནས། དེའི་སྟེང་དུ་མིག་མངས་རིས་སུ་བྱས་སོ། །དེ་ཡང་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལས། ཀླུའི་ཡུལ་དུ་རྫུ་འཕྲུལ་གྱིས་བྱོན་ཏེ། རྡོ་རྗེའི་འཇིམ་པ་བླངས་ཤིང་རྣམས་ལ་བྱུགས་པས། བསྐལ་པའི་བར་དུ་ཆུ་ནང་ན་གནས་ཀྱང་མི་རུལ་ཅིང༌། མེས་ཀྱང་མི་ཚིག་ཅིང༌། བཅད་ཀྱང་མི་ཆོད་དོ། །དེའི་སྟེང་དུ་སྤང་ལེབ་བསྒྲིགས། དེའི་སྟེང་དུ་སོ་ཕག་བསྒྲིགས་ཏེ་ཁྲོ་ཆུས་བསྡམས། དེའི་སྟེང་ས་ཁོད་སྙོམས་པར་བྱས་ནས། དེ་ལྟར་ས་ཕོ་ཁྱི་ལ་འོ་ཐང་གི་མཚོ་བསུབས་པས་ལེགས་པར་ཚར་ཏེ། ཆོས་རྒྱལ་དགུང་ལོ་ཉི་ཤུ་རྩ་གསུམ་གྱི་སྟེང་དུ། ལྷ་སའི་རྩིག་རྨང་བཏིང་པ་ལགས། ས་མོ་ཕག་ལ་ལྷ་ཁང་རྨང་བཏིང༌། རྐེད་པ་ཙམ་བརྩིགས་ཚར་