R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 247
[A:247]རེ༑ རྟེན་འདི་བདག་གིས་བཞེངས་པ་མ་ལགས། རང་བྱོན་དུ་གདའོ་ཞུས་པ་དང༌། དེ་མ་ཐག་ཏུ་སྐུ་གཡོས་པར་གྱུར་ཏེ། ཞབས་གཡོན་པའི་ཤམ་ཐབས་པུས་མོའི་གོང་དུ་བརྫེས། ཐུགས་ཀ་ནས་འོད་ཟེར་བྱུང་སྟེ། སངས་རྒྱས་ཀྱི་རིང་བསྲེལ་དང༌། ཙནྡན་གྱི་སྐུ་རང་བྱོན་རྣམས་སྤྱན་དྲངས་ཏེ། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་སོ། །ཨ་མི་དྷེ་བ་གཡོན་ཕྱོགས་སུ་ཅུང་ཡོ་བ་དང༌། ཤམ་ཐབས་ཀྱང་པུས་མོའི་གོང་དུ་ལུས་པ་རྣམས། ཕྱི་རབས་སུ་ཡང་དེ་ལྟར་དུ་ཡོད་དོ། །དེ་ལ་ཙནྡན་སྦྲུལ་གྱི་སྙིང་པོ་དེ་དབུའི་སྲོག་ཤིང་དུ་གྱུར། བྱང་ཆུབ་ཀྱི་ཤིང་གཉིས་ཞབས་ཀྱི་སྲོག་ཤིང་དུ་གྱུར། སྔར་གྱི་རྫས་རྣམས་ལ་སྐུ་ལུས་སུ་གྱུར་ཏེ། མེ་ཏོག་གཏོར་རོ། །དེ་ནས་བལ་པོའི་ལྷ་བཟོས་འཁོར་རྣམས་བཞེངས་པ་ནི། འཇིག་རྟེན་དབང་ཕྱུག་དང༌། ཁརྶ་པ་ཎི་དང་ཁྲོ་གཉེར་ཅན་དང༌། སྒྲོལ་མ་དང་འོད་ཟེར་ཅན་དང༌། དབྱངས་ཅན་མ་དང༌། བདུད་རྩི་འཁྱིལ་བ་དང༌། དཔལ་རྟ་མགྲིན་རྣམས་བཞེངས་སོ། །དེར་བཀྲ་ཤིས་པའི་ལྟས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ནས། ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །དེར་རྒྱལ་པོ་ཡབ་ཡུམ་བློན་པོའི་ཚོགས་དང་བཅས་པས། མཆོད་རྫས་དུ་མ་ཐོགས་ཏེ། སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་པོའི་རྟེན་དེའི་དྲུང་དུ། ལྷ་ཁང་བརྩིག་པའི་འགལ་རྐྱེན་བཟློག་ཅིང། མཐུན་རྐྱེན་སྒྲུབ་པའི་གསོལ་བ་འདེབས་ཀྱིན་ཡོད་ཙ་ན། ནུབ་ཕྱོགས་ཟླ་བ་ཚལ་གྱི་དུག་ཤིང་གི་སྡོང་པོ་རྐང་གཅིག་གི་རྩ་ན། འདྲེ་སྲིན་དང་མི་མ་ཡིན་མང་པོ་འཚོགས་ནས། ཁོང་རྣམས་ན་རེ། སྲོང་བཙན་སྒམ་པོ་ཟེར་བའི་མགོ་གཉིས་ཡོད་པ་འདིས། ངེད་རང་ཚོའི་འདུག་ས་བཤིག རྒྱུ་སྲང་བཀབ། ངེད་རང་ཚོ་ཡང་ཁོའི་ལྷ་ཁང་བརྩིག་ཏུ་མི་འཇུག དགེ་བ་བྱེད་པའི་སྲོག་གཅོད། སད་སེར་བ་དང༌། ནད་