[A:248]ཡམས་གཏོང་ཟེར་གིན་འདུག་པ་རྒྱལ་པོས་མཁྱེན་ནས་འཕགས་པ་ལ་གསོལ་བ་དྲག་ཏུ་བཏབ་པས། འཕགས་པ་བཞད་པའི་ཞལ་ནས་འོད་ཟེར་བྱུང་བ་མེ་རུ་གྱུར། ཁྲོས་པའི་ཞལ་ནས་འོད་ཟེར་བྱུང་བ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་སུ་གྱུར་ཏེ། ཁྲོ་བོ་གཉིས་ཡེ་ཤེས་ཀྱི་མེ་དང་བཅས་པས་ཟླ་བ་ཚལ་གྱི་དུག་ཤིང་གི་སྡོང་པོ་ལ་བརྒྱབ། སྲན་ཕུང་དཀྱིལ་དུ་ཐོག་བབས་པ་བཞིན་བྱས་ཏེ། འདྲེ་ལ་ལ་ནི་བརྒྱལ། ལ་ལ་ནི་བོག ལ་ལ་སྐད་ངན་འདོན་པར་གྱུར་ཏོ། །དེར་ཁྲོ་བོ་གཉིས་ཀྱིས་ཡེ་ཤེས་ཀྱི་མེ་དང་བཅས་པས་དེ་རྣམས་དེད་དེ། ཕྱིའི་རྒྱ་མཚོ་ཆེན་པོ་ལ་བསྒྲལ་ནས་ཕྱིར་མི་ལྡོག་པ་བྱས་སོ། །དེར་ཡེ་ཤེས་ཀྱི་མེ་ཟླ་བ་ཚལ་གྱི་བྲག་ལ་ཕོག་པས་བྲག་དེ་ལ་ཁརྶ་པ་ཎི་རང་བྱོན་དུ་བྱོན་པར་གྱུར་ཏོ། །དེའི་སང་རྒྱལ་པོ་བློན་པོའི་ཚོགས་དང་བཅས་པས་རང་བྱོན་དེའི་དྲུང་དུ་བྱོན་ཏེ། མཆོད་པ་ཕུལ་ཞིང་སྨོན་ལམ་བཏབ་ནས། བསྟོད་པ་མཛད་པ། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་གོས་པདྨོ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་པ།། སེམས་ཅན་ཉམ་ཐག་ཕོངས་རྒུ་ཡི། །ནད་དང་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །རང་བྱོན་དེ་བྲག་ལ་གསལ་བར་བྱོན་ནའང༌། མ་འོངས་པའི་སེམས་ཅན་བསོད་ནམས་བསོག་པའི་ཕྱིར་དུ། བལ་པོའི་ལྷ་བཟོས་གསལ་བར་བརྐོས་སོ། །དེ་ནས་ལྷ་ཁང་བརྩིགས་པ་ལ་བགེགས་མེད་པར་དགོངས་ནས། རྗེ་བློན་ཀུན་གྱིས་མཚོ་བསུབས་པའི་སྟེང་དུ་བྱོན། ས་གཞི་བྱིན་གྱིས་བརླབས་ནས་ཐིག་གདབ་བོ། །དེའི་དུས་སུ་ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་སྦྲུལ་གྱི་གདེངས་ཀ་ཅན། སྤྱན་གསུམ་