[A:246] བཅུ་གཉིས་ན་བུམ་པ། བཅུ་གསུམ་ན་དགྲ་སྟ། བཅུ་བཞི་ན་ཕྲེང་བ། བཅོ་ལྔ་ན་པདྨ་སྔོན་པོ། བཅུ་དྲུག་ན་སྤྱི་བླུགས། བཅུ་བདུན་ན་ཉི་མ། བཅོ་བརྒྱད་ན་ཆུ་སྐྱེས་དཀར་པོ། བཅུ་དགུ་ན་འབྲས་ཀྱི་སྙེ་མ་འཛིན་པའོ། །གཡོན་གྱི་ཡན་ལག་བཅུ་དགུའི་རིམ་པ་བཞིན་དུ། དང་པོ་ན་སྤྲིན་དཀར། གཉིས་པ་ན་སྤྱི་བླུགས། གསུམ་པ་ན་པདྨ། བཞི་པ་ན་རལ་གྲི། ལྔ་པ་ན་དུང༌། དྲུག་པ་ན་ཐོད་པ། བདུན་པ་ན་ཕྲེང་བ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་རྡོ་རྗེ། བཅུ་པ་ན་ལྕགས་ཀྱུ། བཅུ་གཅིག་ན་འཁར་གསིལ། བཅུ་གཉིས་ན་སངས་རྒྱས་སྤྲུལ་སྐུ། བཅུ་གསུམ་ན་ལྷ་ཁང༌། བཅུ་བཞི་ན་གླེགས་བམ། བཅོ་ལྔ་ན་འཁོར་ལོ། བཅུ་དྲུག་ན་སངས་རྒྱས་ཀྱི་སྐུ། བཅུ་བདུན་ན་ཤིང་ཐོག བཅོ་བརྒྱད་ན་པདྨ་གེ་སར། བཅུ་དགུ་ན་རིན་པོ་ཆེ་བསྣམས་པའོ། །སྤྲུལ་པའི་ཉིང་ལག་སྟོང་ཐམ་པ་རབ་ཏུ་མཛེས་པ། ཕྱག་རེ་རེའི་མཐིལ་ན་ཡེ་ཤེས་ཀྱི་སྤྱན་རེ་རེ་ཡོད་པ། ཕྱག་དང་ཞབས་ལ་གསེར་གྱི་གདུ་གུ་དང་སྦྲུལ་གྱིས་བརྒྱན་པ། ཁྲོ་ཞལ་རྣམས་ནི་སྤྱན་གསུམ་རེ་དང་ལྡན་པ། དབུ་སྐྲ་ཁམ་པ་གྱེན་ལ་འཁྱིལ་བ། སྐུ་ལུས་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། སྐུ་སྟོད་ལ་རི་དྭགས་ཀྱི་ལྤགས་པས་གཡོགས་ནས་ནུ་མ་གཡོན་པ་བཀབ་པ། མཚན་དང་དཔེ་བྱད་གྱིས་བརྒྱན་པ་ཞིག་འོད་དུ་ཁྲོང་ངེ་བྱོན་འདུག་པ་རྒྱལ་པོས་གཟིགས་པས་ཤིན་ཏུ་དགྱེས་པར་གྱུར་ཏོ།། དེ་ནས་རྒྱལ་པོའི་ཞལ་ནས། བལ་པོའི་ལྷ་བཟོ་བ་ལ་ཁྱེད་ཀྱི་རྟེན་འདི། ངོ་མཚར་ཆེ་ལ་མགྱོགས་པ་ཞིག་བཞེངས་ཚར་འདུག་ནའང༌། རྒྱ་གར་ནས་བྱོན་པའི་ཙནྡན་གྱི་སྐུ་རང་བྱོན་འདི་དང༌། སངས་རྒྱས་རབས་བདུན་གྱི་རིང་བསྲེལ་རྣམས་རྟེན་འདིའི་ཐུགས་ཀར་བཞུགས་སུ་འཇུག་རྒྱུ་ཡིན་ལགས་གསུངས་པས། ལྷ་བཟོ་བ་ན་