R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 249
[A:249]དང་ལྡན་པ་བྱོན་ཏེ། རྒྱལ་པོ་ལ་སྦྲུལ་ཞགས་དཀར་པོ་ཞིག་ཕུལ་ནས། རྒྱལ་ པོའི་ལྷ་ཁང་འདི་ལ་སྟོང་ཆུང་ངུའི་བར་གྱི་གནོད་པ་བྱུང་ན་ངས་སྲུངས་ཤིག ངའི་ གཟུགས་ཞིག་མཛོད་ཅིག་ཟེར་རོ། །ཡང་ཀླུའི་རྒྱལ་པོ་དགའ་བོ་བྱུང་ནས། རྒྱལ་པོའི་ལྷ་ཁང་འདི་ལ་སྟོང་གསུམ་གྱི་བར་དུ་ཆུའི་གནོད་པ་བྱུང་ན་ངས་སྲུངས་ཤིག ངའི་གཟུགས་ཞིག་མཛོད་ཅིག་ཟེར་རོ། །ཡང་སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུ་བྱུང་ནས། རྒྱལ་པོ་ལ་གསེར་གཞོང་པ་གང་ཕུལ་ནས། རྒྱལ་པོའི་ལྷ་ཁང་འདི་ལ་མེའི་གནོད་པ་བྱུང་ན་ངས་བསྲུང་ཞིང་ངའི་གཟུགས་ཞིག་མཛོད་ཅིག་ཟེར་རོ། ། ཡང་གནོད་སྦྱིན་ན་ག་ཀུ་བེ་ར་བྱུང་ནས། གསེར་གྱི་ཐགས་བཟངས་ཤིག་ཕུལ་ནས། རྒྱལ་པོའི་ལྷ་ཁང་འདི་ལ་འབྱུང་བ་བཞིའི་གནོད་པ་བྱུང་ན་ངས་སྲུངས་ཤིག ངའི་གཟུགས་ཞིག་མཛོད་ཅིག་ཟེར་རོ། །ཡང་མ་ཧཱ་ཀཱ་ལ་བྱུང་ནས། རྒྱལ་པོའི་ལྷ་ཁང་འདི་ལ་མཐའ་དམག་དང་མི་མ་ཡིན་གྱི་གནོད་པ་བྱུང་ན་ངས་སྲུངས་ཤིག ངའི་གཟུགས་ཞིག་མཛོད་ཅིག་ཟེར་རོ། །ཡང་དཔལ་ལྡན་ལྷ་མོ་བྱུང་སྟེ། ལྕགས་ཀྱི་བྲེ་བ་ཞིག་ཕུལ་ནས། རྒྱལ་པོ་ཁྱེད་ཀྱི་ལྷ་ཁང་འདི་ལ་མི་དང་མ་མོའི་གནོད་པ་བྱུང་ན་ངས་སྲུངས་ཤིག ངའི་གཟུགས་ཞིག་མཛོད་ཅིག་ཟེར་རོ། །ཡང་བླ་མ་རྣམས་བྱོན་ཏེ། རྒྱལ་པོའི་ལྷ་ཁང་འདི་བླ་མའི་ལུགས་སུ་བཞེངས་ཤིག་གསུང་ངོ༌།། ཡང་སྔགས་པ་རྣམས་བྱུང་སྟེ། རྒྱལ་པོའི་ལྷ་ཁང་འདི་ངེད་སྔགས་པའི་ལུགས་སུ་བཞེངས་ཤིག་ཟེར་རོ། །ཡང་བོན་པོ་རྣམས་བྱུང་སྟེ། རྒྱལ་པོའི་ལྷ་ཁང་འདི་བོད་འབངས་ཀྱི་ལུགས་སུ་བཞེངས་ཤིག་ཟེར་རོ། །དེར་རྒྱལ་པོ་ཤིན་ཏུ་དགྱེས་ནས་ཐམས་ཅད་ཞལ་གྱིས་བཞེས་སོ། །དེར་རྒྱལ་པོས་བོད་འབངས་རྣམས་ལ་ཟས་ཆང་གིས་ཚིམས་པར་བྱས་ཏེ་ལས་ལ་བསྐུལ་ནས། ལ་ལས་སོ་ཕག་བཏང༌།