[A:250] ལ་ལས་རྩིག་པ་བྱས། ལ་ལས་འཇིམ་པ་བཏང་སྟེ། འོག་ཁང་གི་རྩིག་པ་ཟིན་པར་བྱས་སོ། །
ལྷ་སའི་རྩིག་རྨང་བཏིང་པ་མན། ཚལ་པ་ཀུན་དགའ་རྡོ་རྗེས་རབ་བྱུང་མཛད་པ་ཡན་ལ་ལོ་བདུན་བརྒྱ་དང་བཞི་བཅུ་ཞེ་ལྔ་འགྲོ་བ་རྟོགས་ལྡན་སྔོ་ཉལ་མ་གསུངས།
དེ་ནས་ཤིང་ཤུག་པའི་སྡོང་པོ་མང་པོ་བཅད་ནས། རྒྱལ་པོས་སྐུ་ལུས་ཀྱི་སྤྲུལ་པ་བརྒྱ་རྩ་བརྒྱད་མཛད་དེ། ལྷ་ཁང་གི་སྒོ་བསྲུང་སྟེ། ནང་དུ་ཤིང་བཟོ་བ་སྟེའུ་ཐོགས་པ་བརྒྱ་རྩ་བརྒྱད་དུ་སྤྲུལ་ནས་ཤིང་བཟོ་མཛད། བསང་བུ་ཡང་བལ་མོ་བཟའ་མིན་པ་གཞན་གྱིས་མི་སྐྱེལ་ལོ༑ ༑དུས་ནམ་ཞིག་ཁྲི་བཙུན་ཡི་དམ་ལ་མཆོད་པ་འབུལ་བ་དང་དུས་འཛོམ་ནས། རྒྱལ་པོའི་བསང་བུ་གཡོག་མོ་ལ་བསྐུར་རོ། །གཡོག་མོས་སྒོ་ཕྱེས་ནས་ཕྱིན་པས། རྒྱལ་པོ་མེད་པར་ཤིང་བཟོ་བ་ཆ་ལུགས་དབྱེར་མི་ཕྱེད་པའི་སྟེའུ་ཐོགས་པ་བརྒྱ་རྩ་བརྒྱད་དུ་འདུག་སྟེ། སེང་གེ་བརྒྱ་རྩ་བརྒྱད་ཀྱི་སྣའི་བཟོ་བྱེད་ཀྱིན་འདུག་པས། བསང་བུ་གང་ལ་འདྲེན་ངོ་མ་ཤེས་པར་ཕྱིར་ལོག་ནས། བསང་བུ་བལ་མོ་ལ་གཏད་དོ། །དེར་གཡོག་མོའི་བསམ་པ་ལ། རྒྱལ་པོ་འདིས་སྤྲུལ་པ་མཁྱེན་ཟེར་བ་དེ་ཨེ་བདེན་བསམས་ནས། ཁྲི་བཙུན་རྒྱལ་པོ་ལ་བསང་བུ་འདྲེན་སོང་བའི་རྗེས་ལ༑ གཡོག་མོས་སྒོ་ཕག་ནས་བལྟས་པས་ཐམས་ཅད་སྤྲུལ་པར་འདུག་པ། ཧེ་ཧེ་ཟེར་བགད་པས། རྒྱལ་པོ་སྤྱན་ཡེངས་པ་དང་སྟེའུ་ཁ་འཆོར་བས་ཤིང་བཟོ་བ་ཐམས་ཅད་ཀྱི་སྟེའུ་ཁ་འཆོར་ནས། སེང་གེ་རྣམས་སྣ་ཆད་དོ། །དེར་ཡང་ལ་ལས་ཀ་བ་བཅོས། ལ་ལས་གདུང་མ་གཞོག ལ་ལས་ལྕམ་གྲུ་བཞིར་བཅོས། ཡང་ལ་ལས་ཀ་བ་བཙུག ལ་ལས་གདུང་བཀལ། ལ་ལས་ལྕམ་བསྒྲིག ལ་ལས་སྤང་ལེབ་བཏང༌། ཐོག་ཕུབ་ནས་མཛེས་པར་བྱས་སོ། ཇོ་བོ་རྗེའི་གཏེར་ཡིག་ཆེན་མོ་ན། ལྷ་སའི་འོག་ཁང་ལ་ཉིན་ཞག་གཉིས་ལ་ཟིན་པ་བྱས་ཟེར་བར་འདུག་སྟེ། ཐོག་ཕུབ་པ་དེར་འདུག
དེ་ལྟར་རྒྱལ་