[A:251]པོས་སྤྲུལ་པ་མཛད་པས། རྩིག་པ་ལ་ཉིན་ཞག་བཞི། ཤིང་བཟོ་ལ་ཉིན་ཞག་དྲུག ཐོག་འབུབ་པ་ལ་ཉིན་ཞག་གཉིས། དྲིལ་བས་ཉིན་ཞག་བཅུ་གཉིས་ལ། ར་སའི་འོག་ཁང་ཡོངས་སུ་རྫོགས་པར་ཟིན་པར་བྱས་སོ། །དེ་ཡང་སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ། གྱིས་ཟེར་བའི་གཟུགས་ཐམས་ཅད་བྱས་པས། ཆོས་སྐྱོང་ཀླུ་དང་གནོད་སྦྱིན་སྲིན་པོ་ལ་སོགས་པ་རྣམས་དགའོ། །དེ་ཡང་དགའ་བཞི་འཕྲུལ་གྱི་ལྷ་ཁང་གི་སྒོ་ཡང་ནུབ་ཕྱོགས་བལ་པོའི་ཡུལ་དུ་གཏད་དོ། །དེའི་འཕྲོ་ལ་ཁྲི་བཙུན་གྱིས་བལ་པོའི་ཡུལ་ནས་རིག་བྱེད་ལ་མཁས་པའི་བཟོ་བོ་མང་པོ་བོས་ནས་སྟེང་ཁང་བཞེངས་སོ། །
ལྷ་སའི་སྟེང་ཁང་དང༌། ར་མོ་ཆེ་གཉིས་ལ་ཟླ་བ་བཅུ་གཉིས་རེ་འགོར་ཏེ་ལྷན་དུ་ཚར་རོ། །
དེ་དང་དུས་མཉམ་དུ་རྒྱ་མོ་བཟས་ཀྱང་རྒྱ་ཡུལ་ནས་ཤིང་བཟོ་བ་དང༌། ལྷ་བཟོ་བ་མང་པོ་བོས་ནས། རྒྱ་སྟག་ར་མོ་ཆེའི་ལྷ་ཁང་བཞེངས་ཏེ། ལྷ་ཁང་གི་སྒོ་ཤར་དུ་བསྟན་ནོ། །དེའི་བར་ལ་རྒྱལ་པོས་སྤྲུལ་པ་མཛད་ནས་མཐའ་འདུལ་དང༌། ཡང་འདུལ་དང༌། རུ་གནོན་གྱི་ལྷ་ཁང་བཞེངས་པ་ནི། སྲིན་མོའི་དཔུང་པ་གཡས་གནོན་པའི་ཕྱིར། སྦུ་རུ་ཀ་ཚལ་མི་འགྱུར་བའི་ལྷ་ཁང་བཞེངས། དེའི་ཡན་ལག་ཏུ་གསེར་ཤང་གི་རྟིའི་ལྷ་ཁང་བཞེངས། དེའི་སྒྲུབ་པ་རྩེ་མོ་གདོང་གི་བྲག་ཕུག་ཏུ་བྱས་སོ། །དཔུང་པ་གཡོན་གནོན་པའི་ཕྱིར། གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་ལྷ་ཁང་བཞེངས། དེའི་ཡན་ལག་ཏུ་ཙན་ཐང་གི་ལྷ་ཁང་བཏབ། དེའི་སྒྲུབ་པ་ཕུག་མོ་ཆེར་བྱས་སོ། །དཔྱི་མགོ་གཡས་གནོན་པའི་ཕྱིར། གཡས་རུ་གཙང་འབྲང་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་བཞེངས། དེའི་