[A:276]མཐོང་བའི་ཡུལ་མེད་ཀྱིས། །མ་བལྟས་བཞག་པས་ཆོས་ཉིད་མཐོང༌། །མ་བསྒྲུབ་བཞག་པས་སེམས་ཉིད་གྲུབ། །མ་བཟུང་མ་གློད་རང་སར་གྲོལ། །དེ་ལྟར་མཐོང་བའི་གང་ཟག་ལ། །འཁོར་འདས་གཉིས་སུ་ངས་མ་མཐོང༌། །དགེ་སྡིག་གཉིས་སུ་ངས་མ་མཐོང༌། །བཟང་ངན་གཉིས་སུ་ངས་མ་མཐོང༌། །རྟག་ཆད་གཉིས་སུ་ངས་མ་མཐོང༌། །ཕོ་མོ་གཉིས་སུ་ངས་མ་མཐོང༌། །བདེ་སྡུག་གཉིས་སུ་ངས་མ་མཐོང༌།། ཡིན་མིན་གཉིས་སུ་ངས་མ་མཐོང༌། །ཉེ་རིང་གཉིས་སུ་ངས་མ་མཐོང༌། །མཐོ་དམན་གཉིས་སུ་ངས་མ་མཐོང༌། །གསལ་འགྲིབ་གཉིས་སུ་ངས་མ་མཐོང༌། ། མཐོང་བ་མེད་པའི་རང་ཉིད་ནས། །སྣ་ཚོགས་ཤར་བ་རང་ཉིད་ཡིན། །སྣ་ཚོགས་འགག་པ་མེད་པར་ཞོག །སྣ་ཚོགས་འཛིན་པ་མེད་པར་ཞོག །སྣ་ཚོགས་སྤང་བླང་མེད་པར་ཞོག །སྣ་ཚོགས་འཛིན་བྲལ་ཆོས་སྐུ་ཡིན། །མ་འགགས་གསལ་བ་ལོངས་སྐུ་ཡིན། །སྣ་ཚོགས་བྲལ་བ་སྤྲུལ་སྐུ་ཡིན། །ཐ་མལ་རྟོག་མེད་ཆོས་སྐུ་ཡིན།། ཆོས་ཉིད་འདོད་པ་ཐ་མལ་ཡིན། །བློ་ལས་འདས་པ་དེ་ཉིད་ཡིན། །འདོད་པ་བྲལ་ན་དོན་དང་བྲལ། །གཉིས་འཛིན་གྲོལ་ན་གནས་སུ་རྟོགས། །སྤང་བླང་མེད་ན་དངོས་གྲུབ་ཐོབ། །འགྲོ་དོན་བྱེད་ན་ཕྲིན་ལས་རྫོགས། །བློ་ཐག་ཆོད་ན་འགྲོ་སར་ཕྱིན། །ཕྱིན་པ་མེད་ན་བརྡོལ་བ་ཡིན། །དེ་ལྟ་བུ་ཡི་གང་ཟག་ལ། །རིག་པ་ཐམས་ཅད་རང་རིག་ཡིན། །ཤེས་པ་ཐམས་ཅད་རང་ཤེས་ཡིན། །གྲོལ་བ་ཐམས་ཅད་རང་གྲོལ་ཡིན། །གསལ་བ་ཐམས་ཅད་རང་གསལ་ཡིན། །སྟོང་པ་ཐམས་ཅད་རང་སྟོང་ཡིན། །འདུག་པ་ཐམས་ཅད་རང་འདུག་ཡིན། །གནས་པ་ཐམས་ཅད་རང་གནས་ཡིན། །བདེ་བ་ཐམས་ཅད་རང་བདེ་ཡིན། །སྡུག་བསྔལ་ཐམས་ཅད་རང་སྡུག་ཡིན། །ཐམས་ཅད་རང་རིག་རང་སྣང་ཡིན། །སྒོམ་དུ་མེད་པས་བསམ་