[A:275] དགེ་འདུན་མིང་དུ་བཏགས་པ་ཡིན། །རྩོལ་མེད་རང་ལུགས་གནས་པ་ལ། །བྱར་མེད་མིང་དུ་བཏགས་པ་ཡིན། །ཐ་མལ་རྟོག་པ་བསྒྱུར་བ་ལ། །བསྐྱེད་རིམ་མིང་དུ་བཏགས་པ་ཡིན། །བློ་ཡི་ཁྲིད་ཐབས་སྣ་ཚོགས་པ། །ཆོས་སྤྱོད་མིང་དུ་བཏགས་པ་ཡིན། །རྩ་བྲལ་ནང་དུ་ཤེས་པ་ལ། །གོ་བ་མིང་དུ་བཏགས་པ་ཡིན། །དོན་གོ་གཅིག་ལས་མེད་པ་ལ། །ཉག་གཅིག་མིང་དུ་བཏགས་པ་ཡིན། །དུ་མ་ངོ་བོ་གཅིག་པ་ལ། །ཆོས་སྐུ་མིང་དུ་བཏགས་པ་ཡིན། །དག་སྣང་ལྷ་རུ་སྣང་བ་ལ། །ལོངས་སྐུ་མིང་དུ་བཏགས་པ་ཡིན། །སྣ་ཚོགས་ཐབས་ཀྱིས་འདྲེན་པ་ལ། །སྤྲུལ་སྐུ་མིང་དུ་བཏགས་པ་ཡིན། །རྟོག་མེད་རང་ས་ཟིན་པ་ལ། །མངོན་འགྱུར་མིང་དུ་བཏགས་པ་ཡིན། །བཏགས་པ་ཐམས་ཅད་མིང་ཡིན་གྱིས། །མིང་ནི་འཛིན་པ་མེད་པར་ཞོག །བསམ་པ་ཐམས་ཅད་བློ་ཡིན་གྱིས། །བློ་ཡི་བྱེད་པ་ཞོག་ལ་སྤོང༌། །ཞོག་ཅེས་བྱ་བ་ཚིག་ཡིན་གྱིས། །ཚིག་གི་འཛིན་པ་བོར་ལ་ཐོང༌། །ཐོང་ཞེས་བྱ་བ་བློ་ཡིན་གྱིས། །བློ་ཡི་བྱེད་པ་དབྱིངས་སུ་སྦོས། །སྦེད་པ་བྱ་བ་བཟང་རྟོག་ཡིན། ། བཟང་ངན་མེད་པར་ཁད་དེ་བ། །གབ་སྦས་མེད་པར་ལྷ་ངེ་བ། །འགྲོ་འོང་མེད་པར་གསལ་ལེ་བ། །སྤང་བླང་མེད་པར་ལྷུག་གེ་བ། །ཕྱོགས་རིས་མེད་པར་ཕྱམ་མེ་བ། །བཏང་བཟུང་མེད་པར་ཁྱིལ་ལེ་བ། །གསལ་འགྲིབ་མེད་པ་ལྷང་ངེ་བ། ། བརྗེད་ཡེང་མེད་པར་ཏུར་རེ་བ། །གཏང་བཞག་མེད་པར་ཝལ་ལེ་བ། །བློ་ལས་འདས་པའི་ཡུལ་ལ་ལྟོས། །ཚིག་ལས་འདས་པའི་དོན་ལ་ལྟོས། །བཟང་ངན་མེད་པའི་ཡུལ་ལ་ལྟོས། །ཕྱི་ནང་མེད་པར་སེམས་ལ་ལྟོས། །ཕོ་མོ་མེད་པའི་སེམས་ལ་ལྟོས། །གཉིས་འཛིན་བྲལ་བའི་དོན་ལ་ལྟོས། །དོན་ཞེས་བྱ་བ་བློ་ལས་འདས། ། འདས་པའི་རྗེས་སུ་མ་འབྲང་བར། །བློ་ཚིག་བྲལ་བའི་ངང་ལ་ལྟོས། །བལྟས་པས་