[A:277]དུ་མེད། །རྒྱུད་ལ་བྱ་མེད་ཡེངས་སུ་མེད། །བཞག་རྒྱུ་མེད་དེ་བཏང་རྒྱུ་མེད། ། བརྗེད་རྒྱུ་མེད་དེ་ནོར་རྒྱུ་མེད། །ཡེ་ཤེས་དེ་ལ་རྒྱུན་ཆད་མེད། །ཏིང་ངེ་འཛིན་ལ་ཐུན་མཚམས་མེད། །དམིགས་པ་ལ་ཡང་བཏང་བཟུང་མེད། །རྣམ་རྟོག་ལ་ཡང་བཟང་ངན་མེད། །ཡིད་ཡུལ་ལ་ཡང་ཕྱི་ནང་མེད། །དངོས་མེད་ལ་ཡང་ཕྱི་ནང་མེད། །རེ་དོགས་སྤངས་ན་སྐྱོན་དང་བྲལ། །འདོད་པ་མེད་པས་ཐོབ་པ་མེད། ། རྩོལ་བ་མེད་པས་སྐྱོན་རྣམས་སངས། །འབྲས་བུ་ལ་རེ་མཁན་མེད་པས་སངས་རྒྱས་ཀྱི་དགོངས་པ་ཞིག བསམ་བརྗོད་བློ་ལས་འདས་པས་སྨྲ་བའི་ངག་དང་བྲལ། དེ་ལྟར་དུ་རང་དབང་ཐོབ་ཙ་ན། བརྒྱུད་པ་རང་གིས་ཟིན། གྲོལ་ཆ་ནང་ནས་རྙེད། གཟུང་འཛིན་མཚན་མ་ཞིག སྣང་སྲིད་བཀའ་བརྒྱུད་དུ་ཤེས། བྱེད་སྤྱོད་ཆོས་སྤྱོད་དུ་འགྲོ། མཐོང་ཐོས་སྐུ་གསུམ་དུ་བྱོན། ཡེ་ཤེས་ནང་ནས་བརྟོལ། ཉོན་མོངས་ཀུན་རང་སར་དག དད་གུས་རང་ལ་ཚུད་དོ། །འཁོར་འདས་ཀྱི་རྩ་བ་རང་རིག་ཏུ་ཤེས། སྐྱིད་སྡུག་གསལ་འདེབས་སུ་ཤེས། བདག་འཛིན་ཆོས་སྐུར་གྲོལ་ལོ། །གཞི་མཐོང་བས་ལྟ་བ་མེད། རྩད་ཆོད་པས་སྒོམ་དུ་མེད། རང་ས་ཟིན་པས་སྒྲུབ་ཏུ་མེད། རང་སེམས་ངོ་ཤེས་པས་སངས་རྒྱས་མེད་དོ། །ཤེས་རབ་རང་བརྡོལ་དུ་བྱོན་པས། ཝལ་ལེ་བརྗེད་མེད་དུ་འདུག་པ། སྣ་ཚོགས་འགག་མེད་དུ་གྲོལ་བ། ཚོར་བ་རྗེས་མེད་དུ་སངས་པས། རིག་པ་གླན་སར་ཆགས་པས། ཆོས་སྐུ་གཅེར་མཐོང་དུ་གྲོལ་བ། རིག་པ་རྐྱང་དེད་དུ་འདུག་པས་གཉིས་སུ་མེད་པའི་སྐུ༑ རང་སྣང་ཆེན་པོའི་ངང་ལ་ལུས་སོ། །རང་བྱུང་དུ་ཡིན་པས་ལྷུན་གྲུབ་ཏུ་བྱུང༌། རང་གསལ་ཡིན་པས་གཏིང་གསལ་དུ་ཤར། རང་སྣང་ཡིན་པས་འོད་གསལ་དུ་སྣང༌། རང་རིག་ཡིན་པས་ཆོས་སྐུར་བྱུང༌། རང་གྲོལ་ཡིན་པས་ཟངས་ཐལ་དུ་བྱུང་