[A:279]ལ་ཕྱོགས་རིས་མེད་ཀྱིས་ནམ་མཁའ་གོན། སྒོམ་པ་ལ་གསལ་འགྲིབ་མེད་ཀྱིས་ཉི་མ་ཁུར། སྤྱོད་པ་ལ་ཐོག་བརྡུག་མེད་ཀྱིས་རླུང་ལ་ཞོན། འབྲས་བུ་ལ་བླང་དོར་མེད་ཀྱིས་གསེར་གླིང་ལྟོས། དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། ལྟ་བ་ལ་ལྟ་རྒྱུ་གདའ་ཡེ། བསྒོམ་པ་ལ་བསྒོམ་རྒྱུ་གདའ་ཡེ། སྤྱོད་པ་ལ་སྤྱོད་རྒྱུ་གདའ་ཡེ། འབྲས་བུ་ལ་བསྒྲུབ་རྒྱུ་གདའ་ཡེ། དེས་ན་རིག་པ་གཤིས་ཐོག་ཏུ་སྒྱེལ། མཚན་མ་རང་གྲོལ་དུ་ཐོང༌། ཕྱི་ནང་གི་འཛིན་པ་ཤིགས། བཟང་ངན་གྱི་བླང་དོར་སྤངས། ཆགས་ཞེན་གྱི་འཛིན་པ་ཁྲོལ། བཟང་འདོད་ཀྱི་ང་རྒྱལ་ཐོང༌། འགྲན་སེམས་ཀྱི་ཕྲག་དོག་ཁྲོལ། ཞེ་སྡང་གི་མེ་ཆེན་གསོད། གཏི་མུག་གི་མ་རིག་པ་སངས། བྱར་མེད་ཀྱི་ངང་ལ་ཡེངས་མེད་དུ་ཞོག གཉིས་འཛིན་གྱི་བློ་ནི་ནམ་མཁའི་དབྱིངས་སུ་རྒྱས་ཐོབ། དོན་ལ་བསྒོམ་རྒྱུ་མེད་ཀྱིས་རང་སར་ཞོག འོ་དེ་ལྟ་བུའི་གང་ཟག་གིས། བསྐྱེད་རིམ་བསྒོམ་ན་ཡི་དམ་ལྷ་རུ་འགྱུར། །རྫོགས་རིམ་དྲན་ན་གཟུང་འཛིན་མཚན་མ་ཞིག །ཟུང་འབྲེལ་འདོད་ན་བར་སྣང་འཇའ་ཚོན་ལྟོས། །དོན་གོ་མཐོང་ན་ཐ་མལ་ཆོས་མི་ལྟོས། །མ་མཐོང་བར་དུ་བཀའ་བརྒྱུད་བླ་མ་བསྟེན། ། ཆོས་སྤྱོད་བྱེད་ན་རང་འདོད་ཞེན་པ་སྤངས། །མི་འཇིག་གོ་ཆ་འདོད་ན་སྒོ་གསུམ་ལྷ་རུ་བསྒྱུར། །གཞན་དོན་བྱེད་ན་འགྲོ་ལ་ཕན་སེམས་བསྐྱེད། །རང་དོན་བསྒྲུབས་ན་འདུ་འཛི་གཡེང་བ་སྤོངས། །དགྲ་བགེགས་འདུལ་ན་རྩ་བྲལ་སྙིང་རྗེ་བསྐྱེད། །ཕྱི་མ་བདེ་འབྲས་འདོད་ན་ད་ལྟ་དཀའ་བ་སྤྱོད། །འགྲོ་བ་དབང་དུ་སྡུད་ན་བདག་བས་གཞན་གཅེས་ཀྱིས། །སྙོམ་ལས་དྲན་ན་འཆི་བ་མི་རྟག་བསྒོམ། ། ཆགས་ཞེན་འཛིན་པ་བྱུང་ན་རྨི་ལམ་སྒྱུ་མ་བསྒོམ། །བར་ཆད་བདུད་ཀྱིས་བྲེད་ན་རང་སེམས་གཏན་ལ་ཕོབ། །ཆོས་བཞིན་བྱེད་ན་ཆོས་མིན་ཐམས་ཅད་སྤོང༌། །ང་