R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 300
[A:300]ར་ཀླུ་གོང་བྱང་ལ་སྤྱུགས་གོ །དེ་ནས་ཐམས་ཅད་ལ་ཆོས་བྱ་བའི་བཀའ་གནང་ནས། ཐོག་མར་མང་ཡུལ་ནས་ཇོ་བོ་ཤཱཀྱ་ཤིང་རྟར་གདན་དྲངས་བསུ་བ་རོལ་མོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ར་སའི་གཙང་ཁང་དབུས་མར་བཞུགས་སུ་གསོལ། དུས་དེར་ཁ་ཆེ་སྐྱེས་བཟངས་ཀྱི་བུ་ཨཱ་ནནྡ་ཟེར་བ་དེ་ར་ས་དང་ར་མོ་ཆེ་གཉིས་ཀྱི་བར་ན། དར་ཚགས་དགུང་སེབ་ཀྱི་ཚོང་དུས་སར། ཚོང་བྱེད་ཀྱིན་ཡོད་པ་བོས་ནས་དེ་ལ་ལོ་ཙཱ་བཅོལ་ཏེ། ཆོས་དང་བོན་གཉིས་རྩོད་པ་འགྲན་པས། བོན་ཁུངས་ངན་པར་བྱུང་ནས། བོན་གྱི་ཆོས་ཐམས་ཅད་བྲག་དམར་ལ་སོགས་པར་གཏེར་དུ་སྦས་སོ། །ལ་ལ་ཆུ་ལ་བསྐྱུར། འཕྲལ་གྱི་འགལ་རྐྱེན་བཟློག་པ་ཙམ་མིན་པ་མ་གནང་ངོ༌། །དེ་ནས་རྒྱལ་བློན་ཐམས་ཅད་གྲོས་བགྱིས་ཏེ། སྔོན་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་དྲུང་དུ། ཁྱེའུ་གསུམ་གྱིས་སྨོན་ལམ་བཏབ་པའི་མཐུ་ལ་བརྟེན་ནས། སྦ་གསལ་སྣང་རྒྱ་གར་དུ་མཁན་པོ་བོ་དྷི་ས་ཏྭ་གདན་འདྲེན་དུ་བཏང་བས། གསལ་སྣང་གིས་མཁན་པོ་གདན་དྲངས་ཏེ་ཕོ་བྲང་དུ་ཕེབས་པ་དང༌། རྒྱལ་པོས་སྐུ་རགས་མ་བཅིངས་པར། གསེར་ཕྱེ་བྲེ་གང་ཕྱག་ཏུ་བསྣམས་ནས་མཁན་པོའི་བསུ་བ་ལ་བྱོན་པས། མཁན་པོའི་ཞལ་ནས། རྒྱལ་པོ་ཁྱེད་ཀྱི་དབུ་ལ་ལ་ཐོད་གསོལ་བས། སྟོད་དུ་མངའ་རིས་ཞྭ་ཙམ་ཞིག་ལ་ཁྲིམས་ཤིག་ཆགས། ཞབས་ལ་ཆག་གསོལ་བས་སྨད་དུ་མདོ་ཁམས་ལྷམ་ཙམ་ལ་ཁྲིམས་ཤིག་ཆགས། སྐུ་ལུས་ལ་སྐུ་རགས་མ་བཅིངས་པས། བར་འདིར་རྒྱལ་ཁྲིམས་མྱུར་དུ་འཇིག་ཉེན་ཡོད། འོན་ཀྱང་རིན་པོ་ཆེའི་ཕྱག་རྟེན་ཕུལ་བས་ཆོས་བྱར་བཏུབ་གསུངས་ སོ༑ ༑དེ་ནས་ཁ་ཆེ་ཨཱ་ནནྡས་ལོ་ཙཱ་བགྱིས་ཏེ། རྗེ་བློན་རྣམས་ལ་ཆོས་གསུངས་པས། ནག་པོའི་ཕྱོགས་འདྲེ་སྲིན་གདུག་པ་ཅན་མ་དགའ་བར། ཐོག་དང༌། ལོ་