R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 301
[A:301]ཉེས། ནད་ཡམས་བྱུང་བས། འདྲེ་སྲིན་དམ་ལ་འདོགས་པའི་ཕྱིར་དུ་ཨུ་རྒྱན་གྱི་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ཏེ། བོད་ཀྱི་འདྲེ་སྲིན་དམ་ལ་བཏགས་ཏེ། རྗེ་བློན་ཆོས་བྱེད་པ་ལ་འགལ་རྐྱེན་མེད་པར་མཛད་དོ། །སློབ་དཔོན་གྱིས་རྒྱལ་པོ་ལ་རིག་འཛིན་གྱི་ཚེ་ཆུ་གནང་བས། བློན་པོ་ཆོས་ལ་མི་དགའ་བ་རྣམས་ཀྱིས་རྒྱལ་པོ་ལ་མོན་གྱི་སྨྱོ་ཆུ་དུག་ཡིན་པས། མི་གསོལ་བར་ཞུ་ཞུས་པས། རྒྱལ་པོ་ཡང་ཐེ་ཚོམ་དུ་གྱུར་ནས་མ་གསོལ། ནད་དུ་མཛེ་མི་འོང་བའི་ཕྱིར། ཀླུའི་རྒྱལ་པོ་མལ་གྲོ་གཟི་ཆེན་དམ་ལ་བཏགས་ནས་རྡོ་རྗེ་བསྣུན་པས་གཟི་ཆེན་གྱིས་ཁྱེའུ་ཞིག་ཏུ་སྤྲུལ་ནས། རྒྱལ་པོ་ལ་གྲོགས་པོ་བཅོལ་ལོ། །རྒྱལ་པོ་ལ་ཇི་ལྟར་འདོད་པའི་དངོས་གྲུབ་སྟེར་བར་ཁས་བླངས་ནས། རྒྱལ་པོས་ཀླུའི་ངོ་ཆེན་མཛད་ནས་ཐུགས་དམ་བླང་ངོ༌། །ཡང་སློབ་དཔོན་གྱིས་ངམ་ཤོད་ཀྱི་བྱེ་ཐང་ཐམས་ཅད་ནེའུ་ཐང་དུ་གཏང་བཞེད་པ་ལ། བློན་པོ་ངན་པ་རྣམས་ཀྱིས་རྒྱལ་པོ་ལ་ཞུས་ཏེ། སློབ་དཔོན་གྱིས་རྫུ་འཕྲུལ་ཡིན་པས་རིང་དུ་མི་གནས་ཤིང་མི་རུང་ངོ་ཞེས་ཟེར་ཏེ་མཛད་པར་མ་ཞུས། གཞན་ཡང་
སློབ་དཔོན་གྱིས་རྒྱལ་པོའི་བཙུན་མོ་མཁར་ཆེན་བཟའ་འཚོ་རྒྱལ་དབང་ཡོན་དུ་ཁབ་ཏུ་བཞེས་པས། བློན་པོ་ཐམས་ཅད་མ་དགའ་བར། རྒྱལ་པོ་ལ་སྙན་འཕྲ་ཞུས་ནས། རྒྱལ་པོས་སློབ་དཔོན་གྱི་ཞལ་ལ་མ་ཉན་པས་མཛོལ་པ་ཆེན་པོ་གསུམ་བྱུང་ཟེར་བ་ལ་སོགས་དང༌།
སློབ་དཔོན་མཐུ་ཆེ་བས་རྒྱལ་སྲིད་ལ་གནོད་པར་ངེས། སློབ་དཔོན་ཡུལ་ལ་གཤེགས་པར་ཞུ་ཞུས་སོ། །
བསམ་ཡས་ཀྱི་བཀའ་གཙིག་ན། སློབ་དཔོན་སླར་ཨུ་རྒྱན་ཡུལ་དུ་བཞུད་ཟེར་བ་འདུག་སྟེ། རྒྱལ་པོ་དང་གྲོས་མཛད་ནས། ཙ་རི་ལ་སོགས་སུ་བཞུགས། མ་ཞང་ཁྲོན་༼གྲོམ་༽པ་སྐྱེས་བསད་རྟིང༌། སླར་བསམ་ཡས་སུ་བྱོན་ཟེར།
དེ་ནས་རྒྱལ་པོས་བོད་འབངས་རྣམས་བསགས་ཏེ། སྔ་གོང་བོད་དུ་རབ་ཏུ་བྱུང་བའི་དཔེ་མི་འདུག་པས། བོད་དུ་རབ་ཏུ་བྱུང་བ་ཨེ་