[A:315]ཀླུ་གོང་གིས། །ལྕགས་སྤྲེལ་གདོང་དྲུག་བྱ་བ་བླངས། །གཙོ་བོ་རྣམས་ཀྱིས་གླུ་བླངས་པ། །ཡ་མཚན་གསེར་གྱི་མེ་ཏོག་བླངས། །སྟག་ཤར་རྣམས་ཀྱིས་གླུ་བླངས་པ༑ ༑སྟག་རུ་དགུ་བརྩེགས་བྱ་བ་བླངས། །མོ་བཙུན་རྣམས་ཀྱིས་གླུ་བླངས་པ། ། མེ་ཏོག་ཕྲེང་བ་བྱ་བ་བླངས། །སྨན་ཤར་རྣམས་ཀྱིས་གླུ་བླངས་པ། །གྲོང་ཟེར་རིང་མོ་བྱ་བ་བླངས། །གཞན་ཡང་བརྗོད་ཀྱིས་མི་ལོང་སྟེ། །ལོ་སྐོར་གཅིག་གི་བར་དུ་ནི༑ ༑མི་རེས་གླུ་རེ་བླངས་པ་ཡིན། །སྐྱིད་པའི་དུས་སུ་དཔལ་གྱི་འདོམ་བརྐྱང་སྟེ། ། དགའ་བདེ་སྐྱིད་པའི་དཔལ་ལ་ལོངས་སྤྱད་དེ། །ཕན་བདེ་ཉི་ཟླའི་འོད་ལྟ་བུར། ། ལོ་སྐོར་གཅིག་གི་བར་དུ་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་དོ། །དེ་ནས་རྒྱལ་པོའི་ཞལ་ནས། ཚེ་འདིར་ཐར་པ་བྱང་ཆུབ་དོན་དུ་གཉེར་འདོད་པས། ཚེ་འདིའི་བདེ་སྐྱིད་འདིས་ཀྱང་ངེས་པར་བསླུས་གསུངས་ཏེ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བཞེད་ནས། རྒྱ་གར་གྱི་ཡུལ་ནས་པཎྜི་ཏ་བི་མ་ལ་མི་ཏྲ་ལ་སོགས་པའི་མཁས་པ་མང་པོ་སྤྱན་དྲངས། སྒྲ་བསྒྱུར་གྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང༌། ཁ་ཆེ་ཨཱ་ནནྡ་དང༌། འདན་མ་རྩེ་མངས་དང༌། གཉགས་ཀུ་མཱ་ར་དང༌། རྨ་ཨ་ཙཱརྱ་རིན་ཆེན་མཆོག་དང༌། འཁོན་ཀླུའི་དབང་པོ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་དང༌། ཞང་སྣ་ནམ་ཡེ་ཤེས་སྡེ་ལ་སོགས་པས་ལོ་ཙཱ་བྱས་ཏེ། སྒྲ་བསྒྱུར་རྒྱ་གར་གླིང་དུ་གཞི་བཟུང་ནས། སྡེ་སྣོད་གསུམ་ཀ་བོད་དུ་བསྒྱུར།
ལོ་ཙཱ་བ་སྔ་ཚར་གསུམ། བར་ཚར་གསུམ། ཕྱི་ཚར་གསུམ་སྟེ་ཡོངས་སུ་གྲགས་པ་ལོ་ཙཱ་བ་དགུ།
དགེ་འདུན་གྱི་སྡེ་བཙུགས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་བོད་འབངས་ཐམས་ཅད་དགེ་བ་བཅུའི་ཁྲིམས་ལ་གནས་ཏེ། བདེ་སྐྱིད་དང་ལྡན་པར་གྱུར་ཏོ། །དེ་ནས་མཁན་པོ་བོ་དྷི་ས་ཏྭའི་ཞལ་ནས། སློབ་