R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 316
[A:316]དཔོན་པདྨ་འབྱུང་གནས་ཀྱིས་བརྟན་མ་བཅུ་གཉིས་དམ་ལ་བཏགས་པས། བོད་དུ་མུ་སྟེགས་པ་མི་འོང་གིས། མ་འོངས་པའི་དུས་སུ་ནང་པ་དང་ལྟ་བ་མི་མཐུན་པའི་དུས་ཤིག་འོང༌། དེའི་དུས་སུ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་བྱ་བ་ཡོད་ཀྱིས་དེ་གདན་དྲོངས་ཤིག དེས་ལྟ་བ་ཕྱོགས་གཅིག་ཏུ་མཐུན་པར་འགྱུར་རོ་ཞེས་གསུངས་ཏེ། མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོས་ཆོས་ཀྱི་རིང་ལུགས་ཡེ་ཤེས་དབང་པོ་ལ་བསྐོས། དེ་ནས་མཁན་པོས་ཇི་ལྟར་གསུང་བ་བཞིན། རྒྱ་ནག་གི་ཡུལ་ནས་ཧ་ཤང་མ་ཧཱ་ཡ་ན་བྱ་བ་བོད་དུ་བྱོན་ནས། དབུ་མའི་ལྟ་བ་ལ་སྟོན་མིན་པ་བྱ་བ་དང༌། ཙེན་མིན་པ་བྱ་བ་གཉིས་སུ་བྱུང་ནས། ནང་པ་དང་ལྟ་བ་མ་མཐུན་པར་རྩོད་པ་བྱེད་དོ། །དེའི་ཚེ་མཁན་པོའི་ཞལ་ཆེམས་བཞིན། ཡེ་ཤེས་དབང་པོས་མཁས་པ་ཀ་མ་ལ་ཤཱི་ལ་གདན་དྲངས་ཏེ་བོད་དུ་བྱོན། བསམ་ཡས་ཀྱི་ཐད་ཀའི་ཕ་རིའི་ཆུ་འགྲམ་དུ་ཕེབས་པ་དང༌། ཧ་ཤང་ན་རེ། བདག་གིས་ཀྱང་པཎྜི་ཏ་བྱོན་པ་ལ་བསུ་བ་བྱེད་དོ་གསུངས་ཏེ་ཚུ་རིའི་ཆུ་འགྲམ་དུ་བྱོན་ནོ། །དེར་ཧ་ཤང་བྱོན་པ་ཀ་མ་ལ་ཤཱི་ལས་གཟིགས་ཏེ། ཀ་མ་ལ་ཤཱི་ལའི་ཐུགས་ལ་ཧ་ཤང་འདི་རིགས་པ་དང་ལྡན་ན་བདག་གིས་ངེས་པར་ཐུལ་གྱིས་རིགས་པ་དང་མི་ལྡན་ན་མི་ཐུལ་དགོངས་ཏེ། ཧ་ཤང་གི་རིགས་པ་བརྟག་པའི་ཕྱིར་དུ། ཁམས་གསུམ་འཁོར་བར་འཁྱམ་པའི་རྒྱུ་ནི་གང་ཡིན་ཞེས་འདྲི་བའི་བརྡ་སྟོན་པའི་ཕྱིར་དུ། ཀ་མ་ལ་ཤཱི་ལས་ཁོང་རང་གི་དབུ་ལ་ཕྱག་ཤིང་ལན་གསུམ་བསྐོར་བས། དེ་ཧ་ཤང་གིས་གཟིགས་ཏེ། འཁོར་བར་འཁྱམ་པའི་རྒྱུ་གཟུང་འཛིན་གཉིས་ལས་བྱུང་ཞེས་ལན་འདེབས་པའི་ཕྱིར་དུ། བེར་གྱི་ཐུ་བ་ནས་བཟུང་སྟེ། ལན་གཉིས་ས་ལ་བརྡབ་པས། ཀ་མ་ལ་ཤཱི་ལའི་ཐུགས་ལ་ཧ་ཤང་རིགས་པ་དང་ལྡན་པ་ཞིག་འདུག་པས།