[A:317] བདག་གིས་ཐུལ་བར་འདུག་གོ་དགོངས་ནས་ཤིན་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་བསམ་ཡས་སུ་ཕེབས་པ་དང༌། རྒྱལ་པོའི་ཞལ་ནས། བདག་ནི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་མོས་ནས། གཙུག་ལག་ཁང་སྡེ་སྐོར་དང་བཅས་པ་བཞེངས། རྒྱ་གར་ནས་པཎྜི་ཏ་གདན་དྲངས། སྡེ་སྣོད་གསུམ་གྱི་ཆོས་ཐམས་ཅད་བསྒྱུར་ཞིང་ཡང་དག་པར་གཏན་ལ་ཕབ། དགེ་འདུན་གྱི་སྡེ་བཙུགས། ཆོས་ལ་དགོངས་པ་གཅིག་ཏུ་མཐུན་པ་ཞིག་ཡིན་ནའང༌། རྒྱ་ནག་ནས་ཧ་ཤང་བྱོན་ཏེ། ཆོས་ལ་ལྟ་བ་མ་མཐུན་པར་སོ་སོར་བྱེ་བས། མཁས་པ་ཀ་མ་ལ་ཤཱི་ལ་གདན་དྲངས་པ་ཡིན། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོངས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐུན་པར་སྒྲོ་གླེང་གི་རྩོད་པ་མཛོད་ལ་ང་རྒྱལ་མ་མཛད་པར་རྩོད་པ་སུ་རྒྱལ་དེ་ལ་ཕམ་པ་དེས་མེ་ཏོག་གཏོར་ཅིག་གསུངས་ སོ༑ ༑དེར་སེམས་བསྐྱེད་བྱང་ཆུབ་གླིང་དུ་གདན་ཁྲི་ཆེན་པོ་བཤམས་ཏེ། རྒྱལ་པོ་གུང་ལ་བཞུགས། གཡས་ཕྱོགས་སུ་ཧ་ཤང་དཔོན་སློབ་རྣམས་བཞུགས། གཡོན་ཕྱོགས་སུ་ཀ་མ་ལ་ཤཱི་ལ་དཔོན་སློབ་བཞུགས། རྩོད་པ་བྱས་པས་མཁས་པ་ཀ་མ་ལ་ཤཱི་ལ་རྒྱལ་བར་གྱུར་ཏེ། ཧ་ཤང་གིས་ཕམ་བླངས་ནས་མེ་ཏོག་གཏོར་རོ། །དེ་ནས་ཧ་ཤང་སླར་རྒྱ་ཡུལ་ལ་བཞུད་པ་དང༌། ལྷམ་ཡ་ཅིག་བོད་དུ་ལུས་པས་ཧ་ཤང་གི་ཞལ་ནས་ད་རུང་བོད་དུ་ངའི་ལྟ་བ་འཛིན་པ་འགའ་རེ་ཡོད་པར་འདུག་གསུངས་སོ། །དེ་ལྟར་ཡང་རྒྱ་གར་ནས་པཎྜི་ཏ་མཁས་པ་བྱོན། རྒྱལ་པོས་ཡོན་བདག་མཛད། ལོ་ཙཱ་བ་མཁས་པས་བསྒྱུར་ཞིང་གཏན་ལ་ཕབ་པའི་ཆོས་ལ་འཇུག་པར་གྱིས་ཤིག་ཅེས་རྒྱལ་པོས་བཀའ་བསྩལ་ཏོ། །མཁས་པ་རྣམས་དགོངས་པ་གཅིག་ཏུ་མཐུན་ཅིང༌། དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། སྲས་