[A:324]རྒྱལ་པོ་ཁྲོས་ནས་བོད་དམག་འབུམ་ཕྲག་གཅིག་ཁྲིད་དེ། ཟུང་ཅིའུ་བྱ་བའི་ས་ཆ་བར་དུ་བྱོན། དེ་ནས་བློན་པོ་གཡའ་ཐུང་བྱ་བ་ལ་དམག་བསྐུར་ནས། ཐུ་ལུ་ཧཱུན་གྱི་ཡུལ་འཇོམས་སུ་བཏང་བ་ལ། ཐུ་ལུ་ཧཱུན་རྣམས་གཙང་ཁའི་མཚོ་སྔོན་ཕན་ལ་བྲོས། ཤུལ་དུ་ལུས་པའི་མི་ནོར་ཐམས་ཅད་བོད་ཀྱིས་ཁྱེར་རོ། །དེ་ནས་བོད་ཀྱི་རྒྱལ་པོས། བློན་པོ་སེ་ལེ་སྟོང་བཙན་ལ་རིན་པོ་ཆེ་སྣ་ཚོགས་བསྐུར་ནས། རྒྱ་རྗེའི་སྲས་མོ་སློང་དུ་བཏང་བས། འུན་ཤིང་ཀོང་ཇོ། ཇོ་བོ་ཤཱཀྱ། རྫོངས་མང་པོ་དང་བཅས་པ་བོད་དུ་སླེབ། ལྕགས་ཕོ་ཁྱིའི་ལོ་ལ། རྒྱལ་པོ་སྲོང་བཙན་སྒམ་པོ་འདས་ནས། རྒྱ་ཡུལ་ནས་བང་སོ་མཆོད་པ་ལ་ནོར་མང་པོ་ཁྱེར་བའི་ཕོ་ཉ་བྱུང་ངོ༌། །
རྒྱའི་དམག་བོད་དུ་བྱུང་སྟེ། པོ་ཏ་ལ་མེ་ལ་སྲེགས། ཇོ་བོ་རིན་པོ་ཆེ་བཙལ་བས་མ་རྙེད། མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་བར་ཁྱེར་ཟེར་བ་སོགས་རྒྱའི་དེབ་ཐེར་ན་འདུག་གོ །རྒྱལ་པོ་འདིའི་དུས།
དེའི་དབོན་པོ་མང་སྲོང་དགུང་ལོ་བཅུ་གསུམ་ལ་རྒྱལ་སྲིད་བཟུང་བས་ན་སོ་གཞོན་ཏེ། རྒྱལ་སྲིད་བྱ་བ་ཆེར་མ་བྱུང་ཀྱང༌། བློན་པོ་མགར་གྱིས་མཐའ་བཞིའི་ཁྲིམས་བསྲུངས། དེའི་དུས་སུ་རྒྱའི་དམག་བོད་དུ་བྱུང་ནས་འཇོམས་པ་དང༌། བོད་ཀྱིས་ཀྱང་བློན་པོ་མགར་གྱིས་དམག་དཔོན་བྱས་ནས། བོད་དམག་འབུམ་ཚོ་གཉིས་ཁྲིད་དེ། རྒྱ་རྣམས་ཕམ་པར་བྱས། ཡུལ་འཁོར་རྣམས་བཅོམ་ནས། བློན་པོ་མགར་ཀྱང་དམག་ཐོག་ཏུ་འདས་སོ། །རྒྱལ་པོ་དེའི་སྲས་འདུལ་སྲོང་འཕྲུལ་གྱི་རྒྱལ་པོའི་དུས་སུ༑ ཡབ་ཀྱི་བང་སོ་མཆོད་པ་ལ། རྒྱ་ཡུལ་ནས་ནོར་མང་པོ་ཁྱེར་བའི་ཕོ་ཉ་བྱུང་ངོ་༑ ༑དེ་རྗེས་མགར་གྱི་སྲས་སྙན་བཙན་ལྡེམ་བུ་དང༌། ཐུ་ལུ་ཧཱུན་གྱི་བློན་པོ་ངོ་ལོག་གཉིས་དང་བཅས་པས་དམག་ཁྲི་ཚོ་གསུམ་ཁྲིད་ནས་རྨ་ཆུའི་འགྲམ་ན་ཡོད་པའི་མཁར་དང༌། མི་སྡེ་འཇོམས་སུ་ཕྱིན་པས། རྒྱའི་ལི་ཀྱིང་ཧཱེ་ན་ཆེན་གྱི་དམག་