R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 325
[A:325]དང་ཕྲད་ནས། འཐབས་པས་རྒྱ་རྣམས་ཕམ། དེ་མ་ཁད་ལིང་ཀྱིང་གིས་རྒྱའི་དམག་སུམ་སྟོང་བསྣན་ནས། བོད་དང་འཐབ་ཏུ་འོངས་པས། བོད་ཀྱི་དམག་ཕྱིར་བྲོས་སོ། །བོད་ཀྱི་རྒྱལ་པོ་འདུལ་སྲོང་མང་པོ་རྗེ་དེའི་སྟོབས་དང༌། མངའ་ཐང་དང༌། དབང་ཕྱུག་ནི་གཞན་ལས་ཆེ་བ་ཡིན་ནོ། །རྒྱལ་པོ་དེའི་སྲས། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་དུས་སུ། རྒྱ་རྗེ་ཛུང་ཛུང་རྒྱལ་པོ་དང་དུས་མཉམ་སྟེ། རྒྱ་རྗེ་དེའི་སྲས་མོ་ཀྱིམ་ཤིང་ཀོང་ཇོ་བོད་དུ་བྱོན་པ་ཡིན་ནོ། །བུ་མོའི་རྫོངས་ལ་དར་ཟབ་ཁྲི་ཚོ་མང་པོ་དང༌། བཟོའི་རིགས་བྱེད་སྣ་ཚང་དང༌། རྒྱལ་པོའི་མདུན་ལ་འགྲོ་བའི་ལག་ཆའི་རིགས་གང་ཡིན་བྱིན་ནས་ཟ་ཡ་ཐའི་བྱང་ཀུན་གཡང་གུའི་ཧེན་ཟེར་བའི་མི་དཔོན་གཉིས་ཀྱིས་མགོ་བྱས་དམག་མི་མང་པོ། སྐྱེལ་དུ་བཏང་སྟེ་མཐུན་པའི་གཏམ་བྱས་སོ། །བྱང་ངོས་དང་གྷའི་ས་ཆ་ཡང་ལོ་སུམ་ཅུའི་བར་དུ་བོད་ཀྱིས་བདག་བྱས། དེའི་སྲས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དབོན་ཞང་མ་མཐུན་པར་དམག་རྒྱག་རེས་མང་དུ་བྱས་འདུག་ཅིང༌། ཞང་རྒྱ་ཚ་ལྷ་གནང༌། དམག་དཔོན་ལྷ་བཟང་ཀླུ་དཔལ་ལ་སོགས་པས་བོད་དམག་འབུམ་ཚོ་གཉིས་ཙམ་ཁྲིད་ནས། ཤིང་ཀུན་དང༌། ཅེའུ་མཁར་དང༌། སྨན་ཙེའི་ཡུལ་རྣམས་བཅོམ། དབོན་ཞང་མཐུན་པའི་སྐྱེས་ཕུལ། འཁོན་མེད་པར་ཆད་ནའང་བོད་ཀྱི་རྒྱལ་པོས་ཁ་ལ་རང་རེ་དང་མཐུན་པར་བྱ་ཟེར་ཀྱང༌། སེམས་ཤིན་ཏུ་གནག་པར་བྱུང་ཟེར་རོ༑ ༑དེ་ལྟར་སྲས་མུ་ནེ་བཙད་པོ་དང༌། སད་ན་ལེགས་ཀྱི་དུས་སུ་ཡང༌། སྐབས་རེ་མཐུན་ནས་སྐྱེས་འབུལ་བ་དང༌། འཁོན་ནས་དམག་འདྲེན་རེས་བྱས་པ་མང་དུ་འདུག་གོ །དེ་ལྟར། མངའ་བདག་རལ་པ་ཅན་གྱིས་ཀྱང༌། དབོན་ཞང་དང་མ་མཐུན་པར་བོད་དམག་ཁྲི་ཚོ་མང་པོ་ཁྲིད་ནས། རྒྱའི་ཡུལ་མཁར་ཐམས་ཅད་