R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 323
[A:323] ཤིང་བཟོའི་ཕུད་ལ་གནམ་ཡས་ཀ་བ་བཞི་རིན་པོ་ཆེས་བརྒྱན་པ་དང༌། རི་མོའི་ཕུད་ལ་རྙིང་པ་གསོ་རྒྱུ་ཉན་པ། བེ་བུམ་བརྒྱ་རྩ་བརྒྱད་ལུགས་མའི་ཕུད་དུ་ལྗང་ལ་སོགས་པ་རྣམས་ཕུལ་ལོ། །གཞན་ཡང་རྒྱལ་པོའི་མཆོད་གནས། ཉང་ཤའི་སྤྱན་དང༌། བློན་པོ་འགའ་ཞིག་གིས། ལྷ་སའི་ཤར་དུ། ཀ་རུ་དང་རྨེ་རུ། ལྷོ་རུ་དགའ་བ་དང༌། དགའ་བའི་འོད། བྱང་དུ་བྲན་ཁང་དང༌། བྲན་ཁང་ཐ་མ་ལ་སོགས་པའི་ལྷ་ཁང་བཞེངས་སོ། །དེ་ལྟར་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་དེ། མཁྱེན་པ་ནི་འཕྲུལ་གྱི་ཚུལ་ཆགས། མཛད་པ་ནི་ལྷའི་ལུགས་དང་མཐུན། མངའ་ཐང་དཔལ་འབྱོར་ནི་ལྷའི་དབང་པོ་བརྒྱ་བྱིན་དང་མཉམ། དབང་དང་མཐུ་སྟོབས་ཀྱིས་ནི་བདུད་སྡིག་ཅན་སྐྲག་པར་བྱེད་པ། མཐའ་བཞི་ལས་རྣམ་པར་རྒྱལ་ཏེ། འཛམ་བུ་གླིང་གསུམ་གཉིས་ལ་དབང་མཛད་པ་ཡིན་ནོ། །དེ་ལྟར་ཡང་སྔ་གོང་ནས་རྒྱ་བོད་ཀྱི་འབྲེལ་ཚུལ། བཙན་པོ་དབོན་ཞང་རིམ་བཞིན་བྱོན་པ་རྣམས་ཀྱི་ལོ་རྒྱུས་མཐུན་ནས་སྐྱེས་འབུལ་རེས་མཛད་པ་དང༌། འཁོན་ནས་དམག་འདྲེན་རེས་མཛད་པའི་རྣམ་གྲངས་མང་དུ་མཛད་དེ། དེའང་རྒྱའི་དེབ་ཐེར་ཆེན་པོ་ཞུ་ཐུ་ཧན་ཆན་བྱ་བ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱ་དྲུག་ཅུ་རྩ་དྲུག་ལོན་པའི་དུས་རྒྱ་ནག་གི་རྒྱལ་པོ་ཐང་ཞེས་བྱ་བ་བྱུང་སྟེ། བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ། དེའི་སྲས་ཐའི་ཛུན་རྒྱལ་པོའི་དུས། སྲོང་བཙན་སྒམ་པོ་དང་དུས་མཉམ་སྟེ། བོད་ཀྱི་རྒྱལ་པོས་རྒྱ་རྗེའི་སྲས་མོ་སློང་བའི་ཕོ་ཉ་བཏང་བས་རྒྱ་རྗེས་བུ་མོ་མ་བྱིན་པར་བོད་དུ་ལོག་སྟེ། རྒྱལ་པོ་ལ་རྫུན་ཞུས་ནས། རྒྱ་རྗེ་དེ་ངེད་རང་ལ་ཤིན་ཏུ་དགའ་ནས་བུ་མོ་སྟེར་བར་ཡོད་པ་ལ། ཧོར་སེར་ཐུ་ལུ་ཧུན་གྱིས་རྒྱ་རྗེ་ལ་ཕྲ་མ་ཞུས་པས་ལན་ཞེས་ཞུས་པས། བོད་ཀྱི་