R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 326
[A:326]བཅོམ། རྒྱའི་ཧ་ཤང་དང༌། བོད་ཀྱི་མཆོད་གནས་རྣམས་ཀྱི་བར་དང་གནའ་དཔང་མཛད་ནས་དབོན་པོ་དགྱེས་པའི་སྐྱེས་ཕུལ། ད་ཕྱིས་འཁོན་མེད་པར་ཆད་ནས། རྒྱ་ཡུལ་རྨེ་རུ་བྱ་བའི་སོ་མཚམས་སུ་བཙན་པོ་དབོན་ཞང་གཉིས་ཀྱིས་ལྷ་ཁང་རེ་བརྩིགས། ཕ་བོང་ལ་ཉི་ཟླ་བྲིས་ནས། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང༌། རྒྱའི་རྨེ་རུ་མན་ལ་བོད་ཀྱི་དམག་མི་དྲངས། དེ་ཡན་ལ་རྒྱའི་དམག་མི་དྲངས། ཕན་ཚུན་དུ་ས་མཚམས་བསྲུང་སྟེ། ས་ས་མལ། རྡོ་རྡོ་མལ་དུ་གནས་ནས། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའི་ཁྲིམས་མཛད་ནས། དཀོན་མཆོག་གསུམ་དང༌། ཉི་ཟླ་དང༌། གཟའ་སྐར་དང༌། ལྷ་གཉན་རྣམས་དཔང་དུ་བཙུགས་ཏེ། དབོན་ཞང་གཉིས་ཀྱིས་དབུ་བསྙུང་དང་བྲོ་བོར་རོ། །དེ་ལྟར་ཆད་མོལ་གྱི་ཡི་གེ་རྡོ་རིང་གསུམ་ལ་བྱས་ཏེ། རྡོ་རིང་གི་ཞེང་ཆེ་བ་གཉིས་ལ་བཙན་པོ་དབོན་ཞང་གཉིས་ཀྱིས་ཆད་མལ་ལ་བགྱིས་པའི་མནའ་ཚིགས་ཀྱི་ཡི་གེ་བྲིས། ཞེང་ཆུང་བ་གཉིས་ལ་བོད་དང་རྒྱའི་བློན་པོ། བཀའ་ལ་གཏོགས་པའི་རྩིས་པ་རྣམས་ཀྱི་མིང་རུས་བྲིས་ནས། རྡོ་རིང་གཅིག་ལྷ་སར་བཙུགས། རྡོ་རིང་གཅིག་རྒྱ་རྗེའི་ཕོ་བྲང་མདུན་དུ་བཙུགས། རྡོ་རིང་གཅིག་རྒྱ་བོད་ཀྱི་མཚམས་རྨེ་རུ་རུ་བཙུགས་སོ། །གལ་ཏེ་ཆད་མོལ་བགྱིས་པའི་ཡི་གེ་འདི་ལ་མ་བསམ་པར་བོད་ཀྱིས་རྒྱ་ལ་དམག་དྲངས་ན། རྒྱ་རྣམས་ཀྱིས་རྒྱ་རྗེའི་ཕོ་བྲང་གི་མདུན་གྱི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་ན་བོད་ཐམས་ཅད་ཕུང་བར་འགྱུར་ལ། རྒྱ་རྣམས་ཀྱིས་བོད་ལ་དམག་དྲངས་ན། ལྷ་སའི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་ན། རྒྱ་ཐམས་ཅད་ཕུང་བར་འགྱུར་རོ་ཞེས་བཙན་པོ་གཉིས་ཀྱིས་ནི་ཕྱག་རྒྱས་བཏབ། བོད་དང་རྒྱའི་བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱིས་ནི་དམོད་བཙུགས་སོ། །དེ་དག་ནི་