[A:327]ཟུར་ཙམ་ཡིན་གྱིས། བོད་དང་རྒྱའི་ཆད་མོལ་གྱི་ཡི་གེ་ཞིབ་པར་འདོད་ན། ལྷ་སའི་རྡོ་རིང་གི་ཡི་གེ་ལ་གཟིགས་ཤིག དེ་རྗེས་སོག་པོའི་དམག་དཔོན་བོད་དུ་བྱུང་སྟེ། བློན་པོ་ཁྱུང་ཞགས་བསད་པས་དེས་རྐྱེན་ནས་བོད་དང་རྒྱ་གཉིས་འབྲེལ་ཆད་པ་ཡིན་ཟེར་རོ། །རྒྱ་བོད་ལོ་རྒྱུས་དེབ་ཐེར་འདི། རྒྱ་ནག་ཐའི་ཛུང་རྒྱལ་པོའི་དུས་ཀྱི་ཡིག་མཁན་སུ་ཁྱི་ཧན་གྱིས་བསྒྲིགས་པ་ལས་རིམ་པ་བཞིན་དུ་བཅོས་ཏེ། དུས་ཕྱིས་རྒྱའི་ལོ་ཙཱ་བ་འུ་ཀྱང་ཛུས། ཤིང་ཁུན་སྡེ་ཆེན་དུ་བོད་སྐད་དུ་བསྒྱུར་བ་ལ། ལོ་གྲངས་མི་མཐུན་པ་འགའ་རེ་དང་དེ་དུས་ཀྱི་མིའི་མིང་རྣམས་ལ་འདྲ་མིན་རེ་འདུག་ནའང་བླ་མ་གུ་ཤྲཱི་རིན་ཆེན་གྲགས་རྒྱ་ཡུལ་ན་བཞུགས་དུས། རྒྱ་བོད་ཀྱི་འབྲེལ་ཚུལ་འདི་རྣམས་གཏན་ཚིགས་སུ་བཞེད་ནས། ཤིང་མོ་བྱའི་ལོ་ལ་ཤིང་ཀུན་སྡེ་ཆེན་དུ་པར་དུ་བཏབ་སྟེ་ཀུན་ལ་རྒྱས་པར་མཛད་པ་ཡིན་ནོ། །འདི་ནི་ཟུར་ཙམ་ཡིན་གྱིས། བོད་དང་རྒྱའི་འབྲེལ་ཚུལ་དང༌། དབོན་ཞང་གི་ལོ་རྒྱུས་རྣམས་ཞིབ་པར་འདོད་ན། པར་མ་དེ་ཉིད་ལ་གཟིགས་ཤིག་དེ་ལྟར་རྒྱལ་པོ་མངའ་བདག་རལ་པ་ཅན་དེས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་དགོངས་ནས། དབང་དགེ་འདུན་ལ་གཏད། ཆོས་ཁྲིམས་དང༌། རྒྱལ་ཁྲིམས་གཉིས་གཏན་ལ་ཕབ། ལྷ་ས། བསམ་ཡས། དཀར་ཆུང་ལ་སོགས་པའི་ཡབ་མེས་ཀྱིས་བཞེངས་པའི་ལྷ་ཁང་རྣམས་ལ་ཞབས་ཏོག་མཛད། བོད་འབངས་ཐམས་ཅད་དགེ་བ་བཅུའི་ཁྲིམས་ལ་བཀོད་དེ། རྐུ་དང༌། ཇག་དང༌། གཡོ་ཟོལ་སོགས་བྱེད་པ་མེད་པར་གྱུར་ནས། བློན་འབངས་ཆོས་ལ་མི་དགའ་བ་ཐམས་ཅད་སྤྱོད་པ་ཤིན་ཏུ་དོག་པར་གྱུར་ཏོ། །དེ་ནས་འབངས་རྣམས་ཀྱིས་ངེད་རང་རྣམས་འདི་ཙམ་པའི་སྤྱོད་པ་དོག་པ་འདི་གང་གིས་ལན་ཞེས་གཅིག་ལ་གཅིག་གིས་སྨྲས་པ་དང༌། དེ་དག་ནི་