R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 332
[A:332]དམོད་བཙུགས་ཏེ། ཕུ་ཐུང་ནང་ནས་མདའ་གཞུ་བཏོན། ཕྱག་དང་པོ་ལ་མཐེབ་སྤྲད། གཉིས་པ་ལ་མདའ་བཀང༌། གསུམ་པ་ལ་རྒྱལ་པོའི་དཔྲལ་བ་ལ་མདའ་བརྒྱབ་ནས་བྲོས་སོ། །དེར་རྒྱལ་པོས་ཕྱག་གཉིས་ཀྱིས་དཔྲལ་བའི་མདའ་ལ་འཇུས་ཏེ་མོད་ལ་གྲོངས་སོ། །
རྒྱལ་པོ་གླང་དར་མ་གླང་ལོ་ལ་འཁྲུངས། བྱ་ལོ་ལ་རྒྱལ་ས་བཟུང༌། ལོ་ལྔའི་བར་དུ་ཆོས་སྣུབས། དགུང་ལོ་སུམ་ཅུ་སོ་བརྒྱད་ལོན་པའི་སྟག་ལོ་ལ་གྲོངས་པ་ཡིན་ནོ། །
དེར་ར་མདའ་བོས་ནས་ཕྱོགས་བཞིར་རྒྱུགས་པས། ཤར་ཕྱོགས་པ་རྣམས་ན་རེ། ཟིན་ལ་ཁད་ཡོད་པ་ལ་དགའ་མོ་གདོང་ནས་ས་སྲོས་ནས་མ་མཐོང་བར་ཤོར་ཟེར་རོ། ། ལྷོ་ཕྱོགས་པ་རྣམས་ན་རེ། གྲིབ་ཀྱི་ཆུ་འགྲམ་ནས་ས་སྲོས་ནས་མ་མཐོང་བར་ཤོར་ཟེར། ནུབ་ཕྱོགས་པ་རྣམས་ན་རེ། ཤུན་གྱི་འབྲང་ནས་ས་སྲོས་ནས་མ་མཐོང་བར་ཤོར་ཟེར། བྱང་ཕྱོགས་པ་རྣམས་ན་རེ། མདོང་མཁར་གདོང་ནས་ས་སྲོས་ནས་མ་མཐོང་བར་ཤོར་ཟེར། ངེས་པ་ཅན་དུ་གྲིབ་ཀྱི་མདར་གདོང་གི་ཆུ་ལ་ལྟེ་ཉལ་བྱས་པས། རྟ་ལ་སོལ་བ་བྱུགས་པ་དག་སྟེ་དཀར་པོར་སོང༌། ཞྭ་ནག་བསྐྱུར། གདོང་གི་སོལ་སྣུམ་བཀྲུས། བེར་དཀར་པོ་ཕྱིར་བསྟན་ནས་གོན་ཏེ། ང་ནི་ལྷ་གནམ་ཐེལ་དཀར་པོ་ཡིན་ནོ་ཟེར་ནས་སོང་ངོ༌། །དེར་ཕྱོགས་བཞིར་རྒྱུགས་པའི་ར་མདའ་བ་རྣམས་ཁ་མ་འཆམ་པར་སོ་སོའི་མདུན་དུ་སྤྲུལ་པ་རེ་རེ་བྱུང་བས། འདི་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་ངེས་ཟེར་ནས་ཡེར་བའི་བྲག་ལ་འཚོལ་དུ་བཏང་ངོ་༑ ༑དེར་དཔལ་གྱི་རྡོ་རྗེས་བྲག་ཁུང་དེར། བསམ་གཏན་ལ་ཡོད་པའི་ལུགས་སུ་བྱས། ཕུག་རོན་གཅིག་བཟུང་ནས་ས་རྡུལ་འབེབས་སུ་བཅུག དེའི་སྟེང་དུ་མུག་མ་དང་གྲོག་སྦུར་ལ་སོགས་པ་བཏང་བས་དེ་རྣམས་ཀྱི་རྗེས་མིས་མཐོང་བ་དང་མིན་པར་ཤེས་ནས་ལོག་གོ །མི་རིག་པ་དང་ལྡན་པ་ཞིག་ནང་དུ་བྱུང་སྟེ། ཁོང་གི་