R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 331
[A:331]པས། རི་དྭགས་པ་དེ་བསྟན་ནས་ཁོང་གཉིས་ན་རེ། ཁྱེད་ཅག་མ་འཁྲུལ། བཙུན་པ་སྨྱོ་འདུག་ཟེར་ཏེ། བཙུན་པ་དེ་རྩར་བོས་ནས་རྒྱུ་མཚན་དྲིས་པས། བཙུན་པ་ན་རེ༑ ཁྱེད་ཅག་གསུམ་པོ་རྒྱལ་པོའི་ཆད་པ་མ་ཕོག་པ་ཉེན་རེ་ཆེ་ཟེར་ནས། ཆོས་སྣུབས་པའི་ལོ་རྒྱུས་རྒྱས་པར་བཤད་པ་དང༌། ཁོང་གསུམ་པོ་ཤིན་ཏུ་སྐྲག་པར་གྱུར་ནས། སྐད་ཅིག་ཀྱང་སྡོད་པའི་ལོངས་མེད་པར་འདུལ་བའི་པུ་སྟི་དྲེལ་རྒྱབ་གསུམ་ཁྱེར་ནས། བྱང་ལམ་ལ་ཕྱིན་ཁམས་སུ་བྲོས་ཏེ། དན་ཏིག་ཤེལ་གྱི་བྲག་ཕུག་ཏུ་བཞུགས་སོ། །དེའི་རྗེས་ལ་ཀ་འོད་མཆོག་གྲགས་པ་དང་རོང་སྟོན་སེང་གེ་རྒྱལ་མཚན་གཉིས་ཀྱིས་མངོན་པ་དང་མཛོད་ཀྱི་པུ་སྟི་མང་པོ་ཁྱེར་ནས་ཁམས་ལ་བྲོས་ཏེ། སན་ཆུང་གནམ་རྫོང་གི་བྲག་ཁུང་དུ་བཞུགས་སོ། །དེའི་དུས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡེར་པའི་བྲག་ཁུང་ན། སྒོམ་བྱེད་ཀྱིན་ཡོད་པ་ལ་ནམ་ཕྱེད་ན་ལྷ་སའི་བསྟན་སྲུང་དཔལ་ལྷ་མོ་བྱུང་ནས་ད་ལྟ་བོད་ན་གྲུབ་ཐོབ་ཁྱེད་ལས་མི་འདུགརྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་ལ་བར་གཅོད་བྱས། རྒྱལ་པོ་སྡིག་ཅན་གསོད་རན་ཁོ་མོས་གྲོགས་བྱ་ཡིས། སྙིང་མ་ཆུང་ཅིག་ཟེར་རོ། །སང་ཉེ་གནས་ལ་རྒྱུ་མཚན་དྲིས་པས་བདེན་པར་འདུག་ནས་རང་གི་སྲོག་བློས་བཏང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་བསམ་སྟེ། རྒྱལ་པོ་གསོད་པའི་སྤོབས་པ་བསྐྱེད་ནས་ཐབས་སྣ་ཚོགས་བྱས་ཏེ། རྟ་དཀར་པོ་ལ་སོལ་བ་བྱུགས་ནས་ནག་པོ་བྱས། བེར་ཕྱི་ནག་པ་ནང་དཀར་བ་བྱས་ཏེ་གོན། མགོ་ལ་ཞྭ་ནག་པོ་གོན། གདོང་ལ་སོལ་སྣུམ་བྱུག ཕུ་ཐུང་དུ་མདའ་གཞུ་བཅུག རྟ་ནག་ལ་ཞོན་ཏེ། བདུད་ནག་པོ་བཀྲག་མེད་ཡིན་ནོ་ཞེས་ཟེར་ཏེ་ལྷ་སར་འོངས་སོ། །དེར་རྒྱལ་པོ་རྡོ་རིང་གི་ཡི་གེ་གཟིགས་ཀྱིན་འདུག་པའི་དྲུང་དུ་ཕྱིན་ཏེ། ཕྱག་བྱེད་པ་ལྟར་བྱས་ནས་ཡི་དམ་ལ་