R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 333
[A:333]སྙིང་གར་ལག་པ་བཞག་པ་དང༌། སྙིང་འདར་བ་ཤེས་ཏེ། སྤྱིའི་ཐ་བ་ལ། སྒོས་སུ་ཤོལ་མི་བཅོག་ཟེར་ནས་སོང་ངོ༌། །དེ་ནས་ཤིན་ཏུ་སྐྲག་པར་གྱུར་ཏེ། སྐད་ཅིག་ཀྱང་སྡོད་པའི་ལོངས་མེད་པར་ཁམས་ལ་བྲོས་སོ། ། ཉེར་བདུན་པ། དེར་རྒྱལ་པོ་སྡིག་ཅན་བཀྲོངས་པའི་རྗེས་སུ་བཙུན་མོ་ཆུང་བ་ཞིག་ལ་གདུང་བརྒྱུད་ཀྱི་སྲས་ལྟོར་ཞིག་བྱུང་བ་དང༌། བཙུན་མོ་ཆེ་བའི་བསམ་པ་ལ་འདིས་བདག་གི་མངའ་ཐང་ལ་གནོད་པར་ངེས་བསམ་སྟེ། ལུས་ལ་གོས་ཀྱིས་དཀྲིས་ནས་ང་ལའང་སྲས་ལྟོར་ཞིག་ཡོད་དོ་ཞེས་བུ་ཆུང་ཆེ་རྫུན་བྱས་སོ༑ ༑དེར་བཙུན་མོ་ཆུང་བའི་ཟླ་དུས་ཐིམ་པ་དང༌། གདུང་བརྒྱུད་ཡིན་ངེས་ཀྱི་སྲས་འཁྲུངས་ཏེ། སྐུ་ཤིན་ཏུ་གཅེས་པས་ཉིན་མོ་ནི་མིས་བསྐོར། མཚན་མོ་ནི་མར་མེའི་འོད་ཀྱིས་བསྲུངས་པས་ན་མངའ་བདག་འོད་སྲུངས་ཞེས་ཟེར་རོ། །དེར་བཙུན་མོ་ཆེ་བས་ཀྱང་སྤྲང་པོའི་བུ་ཆུང་སྐྱེས་མ་ཁད་ཅིག་ཉོས་ནས་ཤ་ལ་སྦྱར་ཏེ། ང་ལའང་འདི་སྐྱེས་པ་ཡིན་ནོ་ཟེར་བས། ཐམས་ཅད་ཐེ་ཚོམ་ཟ་བར་གྱུར་ཀྱང༌། ཡུམ་བཙུན་མོ་དབང་ཆེ་བས་སྨྲ་མ་ནུས་ཏེ། ཡུམ་ཇི་ལྟར་གསུངས་པ་བཞིན་བརྟན་དུ་བཅུག་པས། མངའ་བདག་ཡུམ་བརྟན་ཞེས་ཟེར་རོ། །མངའ་བདག་འདི་གཉིས་སྐུ་ནར་མ་སོན་ཀྱང༌། བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་ཞུས་ཏེ། ཇོ་བོ་རྣམ་གཉིས་དང༌། བྱམས་མགོན་རྣམས་ས་འོག་ནས་བཏོན་ནས། རང་རང་གི་ཁྲི་ལ་བཞུགས་ནས་མཆོད་པ་བྱས། ལྷ་ཁང་ཞིག་པ་རྣམས་སླར་གསོས་སོ། །དེ་ནས་སྲིད་ལ་མ་འཆམ་པས། འོད་སྲུངས་ཀྱིས་གཡོ་རུ་བཟུང་ནས་འཁྲུག་པ་བྱས་སོ། ། ས་མོ་གླང་ལ་གྱེན་ལོག་བྱུང༌། མེ་མོ་བྱ་ལ་བང་སོ་རྣམས་བཤིག་གོ །མངའ་བདག་འོད་སྲུངས་ཀྱི་སྲས། རྗེ་དཔལ་འཁོར་བཙན། དེའི་ཆེན་མའི་སྲས་སྐྱིད་སྡེ་