R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 334
[A:334]ཉི་མ་མགོན།
འདི་ནས་ཡ་ཚེ་དང་མངའ་རིས་ཀྱི་རྒྱལ་པོ་བྱུང༌།
ཆུན་མའི་སྲས་བཀྲ་ཤིས་བརྩེགས་པ།
འདི་ནས་ལ་སྟོད་པ་དང་ཡར་ལུང་ཇོ་བོ་བྱུང༌།
འདི་གཉིས་ཀྱི་སྲིད་གང་ཡོད་རྣམས་ཡུམ་བརྟན་གྱིས་ཕྲོགས་པས། མངའ་རིས་ལ་བྲོས་ནས་མངའ་རིས་རྒྱལ་པོ་མཛད་པ་ཡིན་ནོ། །སྤྲང་ཕྲུག་གཅེས་པར་གསོས་པས་མངའ་བདག་ཡུམ་བརྟན་བྱུང༌། །རིགས་ངན་དཔོན་དུ་བསྐོས་པས་དགེ་བཅུའི་རྒྱལ་ཁྲིམས་མེད། །ཤ་གོང་ཉུང་མས་བཅད་པས་ཕན་བདེའི་ཉི་མ་འགྲིབས། །རྒྱལ་བརྒྱུད་མཐའ་ལ་ཕུད་པས་རྗེ་ཡི་གདུང་རབས་ཆད། །ཅེས་པའོ། ། ཉེར་བརྒྱད་པ། ཡུམ་བརྟན་གྱི་སྲས་ལ། ཁྲི་དེ་མགོན་སྙན། དེ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་རིག་པ་མགོན། ཆུང་བ་ཉི་མ་མགོན། ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན། འདིའི་བརྒྱུད་རླུང་ཤོད། འཕན་ཡུལ། མདོ་ཁམས་ན་མང་ངོ༌། ཁྲི་རིག་པ་མགོན་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་ལྡེ་བོ། ཆུང་བ་རྡོ་རྗེ་འབར་ལྡེ་པོའི་བརྒྱུད་བུག་པ་ཅན་པ་དང༌། ཐང་ལ་བྲག་པ་རྣམས་སོ། །རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ན་ཡེ་ཤེས་རྒྱལ་མཚན། དེའི་སྲས་མངའ་བདག་ཁྲི་པ། ཡབ་སྲས་འདི་གཉིས་ཀྱི་དུས་སུ་བསྟན་པའི་མེ་རོ་མདོ་ཁམས་ནས་ལང་པ་ཡིན་ནོ། །མངའ་བདག་ཁྲི་པ་ལ་སྲས་བཞི་འཁྲུངས་པ། ཨ་ཙ་ར༑ དགེ་སློང༌། བླ་མ། ལྷ་བཙུན་བོ་དྷི་ར་ཙའོ། །ཨ་ཙ་རའི་བརྒྱུད། འཕྲོང་པོ་བ། ལྕང་རྒྱབ་པ། གླག་པ་ལམ་པ། གྲིབ་པ། སྙེ་ཐང་པ། ལུས་པ་གཙང་བོ་ལ་སོགས་པ་རྣམས་ཡིན་ནོ། །བླ་མ་ལ་བརྒྱུད་མེད། དགེ་སློང་གི་བརྒྱུད་དཔེ་བཞི་པ། འོན་རྡོ་མོང་མཁར་པ་རྣམས་ཡིན་ནོ། །བོ་དྷི་ར་ཙའི་བརྒྱུད་ལ། ལྷ་བཙུན་སྔོན་མོ་སྙུག་རུམ་པ། ལྷ་འབྲི་སྒང་པ་ལ་སོགས་པ་བསམ་ཡས་ན་ད་ལྟ་ཡོད་པ་རྣམས་ཡིན་