[A:335] ནོ༑ ༑དེ་རྣམས་ཀྱི་བརྒྱུད་ཕྱོགས་ཐམས་ཅད་དུ་སོ་སོར་འཕེལ་བས་ཀྱི་གཡོར་ཀུན་ན་ཡོད་པའི་ཇོ་བོར་མིང་བཏགས་པ་རྣམས་ཡིན་པས། རིགས་ཤིན་ཏུ་མ་དག་པ་ཡིན་ཟེར་རོ། །
ཉེར་དགུ་པ་དེ་ལྟར་རྒྱལ་པོ་གླང་དར་མས་ལྕགས་མོ་བྱ་ལ་ཆོས་བསྣུབས། ལྕགས་མོ་བྱ་ལ་བསྟན་པའི་མེ་རོ་ལངས་ནས། ལོ་སྐོར་དགུའི་བར་དུ་དབུས་གཙང་ན་ཆོས་མེད་དོ་ཟེར་ཀྱང༌། ངེས་པ་ཅན་དུ་ལོ་སྐོར་བརྒྱད། ལོ་དགུ་བཅུ་གོ་བརྒྱད་ཀྱི་བར་ཆོས་ཀྱི་མིང་ཙམ་ཡང་མེད་དོ། །དེ་ལྟར་གོང་དུ་བཤད་པ་ལྟར་ཆུ་བོ་རི་ནས་བྲོས་པའི་གཡོ་དགེ་འབྱུང༌། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ཁམས་སུ་བྲོས་སོ། །དེའི་རྗེས་ལ་ཀ་འོད་མཆོག་གྲགས་པ་དང༌། རོང་སྟོན་སེང་གེ་རྒྱལ་མཚན། ལྷ་ལུང་དཔལ་གྱི་རྡོ་རྗེ་དང་གསུམ་སྔ་རྟིང་དུ་བྲོས་སོ། །དེའང་ཐོག་མར་ཁམས་སུ་སློབ་མ་བྱུང་བ་ནི། བོན་པོའི་བུ་རྨ་ཟ་གསལ་གྱིས་ཕྱུགས་འཚོར་ཕྱིན་པས། ཆུ་བོ་རི་ནས་བྱོན་པའི་དགེ་སློང་གསུམ་པོ་དང་མཇལ་ཏེ། ལས་འཕྲོའི་དབང་གིས་དད་པ་སྐྱེས་ནས་རབ་ཏུ་བྱུང་བར་ཞུས་པས་གནང་སྟེ། མཁན་སློབ་སོང་སྟེ་གསུམ་ཁའི་མཚན་ནས་དྲས་ཏེ། ཤཱཀྱ་དགེ་བ་གསལ་དུ་བཏགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར་ཏོ། །དེ་ལ་བརྟེན་ནས་ཁམས་པའི་མི་བལ་རྡོ་རྗེ་དབང་ཕྱུག སྣུབས་དཔལ་གྱི་བྱང་ཆུབ། ཡང་གོང་ཡེ་ཤེས་གཡུ་རུ། སྦར་རིན་ཆེན། ལྕང་ཡེ་ཤེས་སེང་གེ ཅོ་རོ་ཤེས་རབ་བྱང་ཆུབ། གཞན་ཡང་ཤོད་ཆུང་བ་ཤེས་རབ་གྲགས། ཨན་འབར་བ་བྱང་ཆུབ། གྲུམ་ཡེ་ཤེས་རྒྱལ་མཚན། གནུབས་དཔལ་གྱི་བྱང་ཆུབ། སྒྲོ་མཉྫུ་ཤཱི་ལ་སོགས་པའི་མཁས་བཙུན་མང་པོ་བྱོན་ནོ། ། དེའི་ཚེ་རྒྱལ་པོ་སྡིག་ཅན་གྱིས་ཆོས་བསྣུབས་ནས་ལོ་དྲུག་ཅུ་ལོན་པ་ན། འཕན་