R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 339
[A:339] དེའི་གཏམ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གསན་ཏེ། ནོར་དཔག་མེད་བསྐུར་ནས་བླུ་རུ་བཏང་བས། གསེར་ལུས་དང་ལྗིད་མཉམ་པ་དགོས་ཟེར་བ་དང༌། ཡང་གསེར་གང་ཡོད་བསྐུར་བས་རྒྱ་མ་ལ་བཏེག་དུས་དབུའི་ཆ་ཙམ་ཞིག་གསེར་གྱིས་མ་ལོང་པར་ཁོང་ན་རེ། ད་ནི་ཁྱེད་རྣམས་ཀྱིས་བདག་བླུས་ཀྱང་ཡོན་ཏན་མེད། ངའི་རྩ་སྒོ་མེ་བཙས་བསྲེགས་ནས་དུད་འགྲོ་ལྟ་བུ་ཡོད་པས་བདག་ཤི་ནའང་བླའི། ང་བླུ་བའི་གསེར་རྣམས་ཁྱེར་ལ་རྒྱ་གར་ན་རྒྱལ་པོ་དགེ་བ་དཔལ་གྱི་སྲས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ལྔ་བརྒྱ་པ་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུར་གྱུར་པ། ཇོ་བོ་རྗེ་དཱི་པཾ་ཀཱ་ར་ཞེས་བྱ་བ་བཞུགས་ཡོད་པར་འདུག དེ་ལ་གསེར་ཕུལ་བོད་དུ་གདན་དྲངས་ལ། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛོད་ཅིག་གསུངས་ཏེ་གྲོངས་པ་དང༌། པུར་ཡུལ་དུ་སྤྱན་དྲངས་ནས་མཆོད་རྟེན་དུ་བཞུགས་སོ། ། སོ་གཅིག་པ། དེར་ཁོང་གིས་ལུང་བསྟན་བཞིན། ཇོ་བོ་གདན་འདྲེན་པ་ལ་རྒྱ་བརྩོན་སེང་ལ་སོགས་པ་ལ་གསེར་བསྐུར་ནས་བཏང་ངོ༌། །བོད་དུ་འབྱོན་པ་ལ་ཐབས་དུ་མའི་སྒོ་ནས་གསོལ་བ་བཏབ་པས། ཇོ་བོས་ཀྱང་བོད་མངའ་རིས་ཀྱི་གདུལ་བྱ་ལ་དགོངས། རྗེ་བཙུན་མ་སྒྲོལ་མས་ཀྱང་ལུང་བསྟན་པ་བཞིན་བོད་དུ་བྱོན་ནས། སློབ་མ་ནག་ཚོ་དང་ཁུ་རྔོག་འབྲོམ་གསུམ། ལོ་ཙཱ་བ་རིན་ཆེན་བཟང་པོ༑ ལོ་ཆུང་ལེགས་པའི་ཤེས་རབ་ལ་སོགས་པ་མཁས་བཙུན་དུ་མ་བྱོན་ཏེ། བོད་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་པས་ན། ལྷ་བླ་མ་བྱང་ཆུབ་འོད་དེ་བོད་ལ་བཀའ་དྲིན་ཆེ་བ་ལགས་སོ། །