R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 338
[A:338] སུམ་ཅུ་པ། དེ་ལྟར་བསྟན་པ་རིན་པོ་ཆེ་ལ་བཀའ་དྲིན་ཆེ་བའི་བོད་རྒྱལ་པོའི་གདུང་བརྒྱུད་གོང་དུ་བཤད་པ་ལྟར། རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་སྲས། སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་ཀྱི་རྒྱལ་པོ་མཛད། སྤུ་རངས་ལའང་དབང་བསྒྱུར། དེ་ལ་སྲས་གསུམ་ཆེ་བ་དཔལ་གྱི་མགོན་གྱིས་མང་ཡུལ་བཟུང༌།
འདི་ནས་ཇོ་བོ་རས་ཆེན་གྱི་བར་དུ་བརྒྱུད།
བར་པ་བཀྲ་ཤིས་མགོན་གྱིས་སྤུ་རངས་བཟུང༌། ཆུང་པ་ལྡེ་བཙུན་མགོན་གྱིས་ཞང་ཞུང་བཟུང༌། འདི་གསུམ་ལ་སྟོད་ན་བཞུགས་པའི་མགོན་གསུམ་ཟེར། ལྡེ་བཙན་མགོན་ལ་སྲས་གཉིས་ཏེ། འཁོར་རེ་དང་སྲོང་ངེ་གཉིས་སོ། །སྲོང་ངེས་སྐུ་ཚེའི་སྟོད་ལ་བཙུན་མོ་ཁབ་ཏུ་བཞེས་པས་སྲས་གཉིས་འཁྲུངས་པའི་ན་ག་ར་ཙ་དང༌། དྷེ་བ་ར་ཙའོ། །སྐུ་ཚེའི་སྨད་ལ་རབ་ཏུ་བྱུང་ནས། ལྷ་བླ་མ་ཡེ་ཤེས་འོད་དུ་མཚན་གསོལ། མཐོན་མཐིང་དཔལ་གྱི་ལྷ་ཁང་བཞེངས། ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། རྔོག་ལེགས་པའི་ཤེས་རབ་ལ་སོགས་པ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་ཆོས་སློབ་པ་ལ་བཏང༌། པཎྜི་ཏ་ཤྲདྡྷ་ཀ་ར་དང་ཝརྨ་ཏ་གཉིས་སྤྱན་དྲངས་ཏེ། མཚན་ཉིད་ཀྱི་ཐེག་པ་དང༌། རྒྱུད་སྡེ་བཞི་པོ་བསྒྱུར་ཞིང་གཏན་ལ་ཕབ། འདུལ་བ་སྟོད་ལུགས་དར་བར་མཛད་དོ། །གཅེན་པོ་འཁོར་རེས་ཁ་ཆར་གྱི་ལྷ་ཁང་བཞེངས། དེའི་སྲས་ལྷ་ལྡེ་པོས་པཎྜི་ཏ་སུ་བྷ་ཥི་ད་དང་པཎྜི་ཏ་རྨེ་རུ་སྤྱན་དྲངས། ལྷ་ལྡེ་པོ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་ཞི་བ་འོད། འབྲིང་བ་ལྷ་བླ་མ་བྱང་ཆུབ་འོད། ཆུང་བ་འོད་ལྡེའོ། །འདི་གསུམ་གྱི་དུས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས། སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ནས། རྒྱ་གར་དུ་པཎྜི་ཏ་གདན་འདྲེན་བྱོན་པས་ལམ་དུ་མུ་སྟེགས་པའི་དམག་གིས་བཟུང༌། དགེ་ཕྱོགས་ཀྱི་ཡོན་ཏན་སྐྱེད་པའི་རྩ་སྒོ་ཐམས་ཅད་མེ་བཙས་བསྲེགས་ཏེ་རྨོངས་པར་བྱས་སོ། །