R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 340
[A:340]སོ་གཉིས་པ། ལྷ་བླ་མ་བྱང་ཆུབ་འོད་ཀྱི་གཅུང་པོ་འོད་ལྡེས་པཎྜི་ཏ་ཁ་ཆེ་དཱ་ན་ཤྲཱི་སྤྱན་དྲངས། དེའི་སྲས་བཙན་ལྡེ། དེའི་སྲས་བྷ་ལྡེ། དེ་ནས་རིམ་པ་བཞིན་དུ་བཀྲ་ཤིས་ལྡེ་བྷ་རེ་ན་ག་ལྡེ་རྣམས་བྱུང་བ་འདི་རྣམས་ཀྱིས་གུ་གེ སྤུ་རངས་མང་ཡུལ་ལ་སོགས་པའི་རྒྱལ་ཁམས་ལ་དབང་བྱས་པ་ཡིན་ནོ། །ཡང་ན་ག་ལྡེའི་སྲས་བཙན་ཕྱུག་ལྡེས་ཡ་ཚེར་བྱོན་ཏེ་རྒྱལ་པོ་མཛད། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་གྲགས་བཙན་ལྡེ། དེའི་སྲས་གྲགས་པ་ལྡེ། དེའི་སྲས་ཨ་རོག་ལྡེ། དེའི་སྲས་ཨ་སོག་ལྡེ། དེའི་སྲས་ཛི་དར་སྨལ་དང༌། ཨ་ནནྡ་སྨལ་གཉིས་སོ། །ཨ་ནནྡ་སྨལ་གྱི་སྲས། རི་ལུ་སྨལ་གྱིས་ལྷ་སར་ཇོ་བོ་རིན་པོ་ཆེའི་དབུ་ཐོག་ཏུ་གསེར་ཐོག་ཕུབ། དེ་ལ་སྲས་གཉིས་སང་གྷ་སྨལ་དང༌། འཛི་ཐར་སྨལ་གཉིས་སོ། །འཛི་ཐར་སྨལ་གྱི་སྲས་ཨ་འཛེ་སྨལ། དེའི་སྲས་ཀ་ལེན་སྨལ། དེའི་སྲས་བར་རྟི་སྨལ། དེ་ནས་ཡ་ཚེའི་རྒྱལ་བརྒྱུད་ཆད་ནས་སྤུ་རངས་ནས་མངའ་བདག་བསོད་ནམས་ལྡེ་ཡ་ཚེར་གདན་དྲངས་ནས་རྒྱལ་ས་བཟུང༌། པུ་ཎི་སྨལ་བྱ་བར་མཚན་བཏགས། དེའི་སྲས་པྲི་ཏི་སྨལ་དང༌། བློན་པོ་དཔལ་ལྡན་གྲགས་གཉིས་ཀྱིས་ལྷ་སར་བཅུ་གཅིག་ཞལ་གྱི་སྟེང་དུ་གསེར་ཐོག་ཕུབ། སྟོད་ན་བཞུགས་པའི་རྒྱལ་བརྒྱུད་འདི་རྣམས། གསེར་ཐོག་པ་རིན་རྡོར་གྱི་ཡིག་ཚང་ལས་ཟུར་ཙམ་བྲིས་པ་ཡིན་གྱིས་རྒྱལ་པོ་རེ་རེ་བཞིན་གྱི་མཛད་པ་ཕྲིན་ལས་རྣམས་ཞིབ་པར་ཤེས་འདོད་པ་དེ་ཉིད་ཀྱིས་ཡིག་ཚང་ལ་གཟིགས་ཤིག ། སོ་གསུམ་པ། ཡང་བོད་ཀྱི་རྒྱལ་པོའི་གདུང་བརྒྱུད་གོང་དུ་བཤད་པ་ལྟར་རྗེ་དཔལ་འཁོར་བཙན་གྱི་ཆུན་མའི་སྲས།
འདི་ནས་ལ་སྟོད་དང༌། གཙང་སྟོད་ཙོང་ཁ་མདོ་སྨད་ཡར་ལུང་ཇོ་བོ་ལ་སོགས་བོད་ཀྱི་རྒྱལ་བརྒྱུད་ཡིན་ངེས་རྣམས་ཡིན་ནོ། །
བཀྲ་ཤིས་བརྩེགས་པ་