R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 139
[A:139]མི་ནུས་ཞིང༌། མ་དགའ་ན་མཛེ་དང༌། སྨྱོ་འབོག་རྣམས་གློ་བུར་དུ་གཏོང་བའི་ཀླུ་བདུད་ཤིན་ཏུ་ཐུ་བ་ཞིག་ཡོད་པ་དེས་རྟ་པ་བདུན་དུ་སྤྲུལ་ནས་བྱང་ངོས་མཁར་ནང་དུ་ཕྱིན་ཏེ། བུད་མེད་ཤ་ཟའི་རིགས་ཤིག་ལ་རྟ་པ་དཔོན་དེ་ལྷན་དུ་འབྲེལ་བ་ལས། ཟླ་དུས་ཐིམ་པ་དང་བུད་མེད་དེ་ལ་བུ་གཅིག་སྐྱེས་པ་དང༌། ནམ་མཁའ་ལ་སྔར་མེད་པའི་སྐར་མ་རྟགས་ཅན་ཞིག་ཤར་བས། རྒྱའི་རྩིས་པ་རྣམས་ཀྱིས་རྩིས་བྱས་པས་རྒྱལ་ས་ཕྲོགས་པའི་མི་གཅིག་ཡོད་པར་ཤེས་ནས། རྒྱལ་པོ་ལ་ཞུས་པས། ལེགས་པར་ཚོལ་ཞིག་བྱ་བའི་ལུང་བྱུང་ནས། བཙལ་ཀྱང་མ་རྙེད་པས་དེ་ནས་བུ་དེ་ཆེར་སྐྱེས་ཏེ། ན་མཉམ་གྱི་བྱིས་པ་རྣམས་བསགས་ནས་ནགས་ཁྲོད་དུ་བསྡད་དེ། ངོ་ལོག་བརྩམས་པ་ལས། བྱང་ངོས་ཀྱི་རྒན་མོ་མི་མ་ཡིན་པ་ཞིག་གིས་ཐབས་བསྟན་པ་ལ། ཟླ་བ་འདིའི་ཚེས་བཅོ་ལྔའི་ཉིན། ཁྱེད་རང་རྣམས་དམག་གྱིས་ལ་ཤོག རྟ་ལྕག་དང༌། རྟ་སྦངས་མང་པོ་རྨ་ཆུའི་ནང་དུ་བསྐྱུར། དེ་ནས་རྒྱའི་རྒྱལ་པོའི་དམ་ཁ་ཁྱོད་ཀྱི་ལག་ཏུ་ཡོད་པའི་ཐབས་བྱེད་ཟེར་རོ། །དེ་ནས་ཚེས་བཅུ་བཞིའི་ཉིན་རྒན་མོ་དེས་ལྕགས་རིའི་སྟེང་དུ་བྲང་བརྡུང་གིན་ངུས་པས་རྒྱལ་པོས་ཅི་བྱུང་འདྲིར་བཏང་བྱུང་བ་ལ། རྒན་མོ་ན་རེ། ལྷའི་དབང་པོ་བརྒྱ་བྱིན་གྱི་ལུང་གིས། མི་ཉག་གི་རྒྱལ་པོ་ཞིག་བསྐོས་ཡོད། ངེད་རང་རྣམས་ངོ་མ་བལྟས་ན། རྒྱའི་མི་གཅིག་ཀྱང་ལུས་པ་མི་འོང༌། སང་ཉིན་དམག་བསམ་གྱིས་མི་ཁྱབ་པ་འོང་བར་འདུག་ཟེར། དེའི་རྒྱུ་མཚན་དྲིས་པས་ཁྱེད་རང་རྣམས་སང་ཉིན་རྨ་ཆུ་ལ་ལྟོས་དང༌། རྟ་ལྕག་དང་རྟ་སྦངས་ཀྱིས་ཆུའི་མདོག་འགྱུར་བ་འོང་ཟེར་རོ། །སང་སྔ་བར་རྨ་ཆུ་ལ་བལྟར་ཕྱིན་པས། བདེན་པར་འདུག་ནས་ཤིན་ཏུ་སྐྲག་སྟེ། ད་ཅི་འཐད་བྱས་པས་རྒན་མོ་ན་རེ། ངོ་བལྟས་པ་འཐད་ཟེར་ནས། རྒྱལ་པོ་དཔོན་གཡོག་བདུན་