[A:138]སང་བྱ་བས་རྒྱལ་ས་ཕྲོགས། དེའི་རྒྱལ་བརྒྱུད་ཆད་ནས། སུ་གཡང་ཏི་ཟེར་བའི་རྒྱལ་པོ་ཕ་བུ་གཉིས་ཀྱིས་རྒྱལ་ས་བཟུང༌། དེའི་རྗེས་ཐང་གི་རྒྱལ་པོ་བྱུང་བ་ཡིན་ནོ༑ ༑དེ་ཡང་རྒྱ་ནག་གི་དེབ་ཐེར་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དང་ལྔ་བརྒྱ་དྲུག་ཅུ་རེ་དྲུག་ལོན་པའི་དུས་སུ་རྒྱ་ནག་གི་རྒྱལ་པོ་ཐང་ཞེས་བྱ་བ་བྱུང་སྟེ་བོད་དང་འབྲེལ་བྱུང༌། བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ་ཟེར་རོ། །ཐང་གི་རྒྱལ་པོའི་སྲས་ཐང་ཀའོ་ཛུང་གིས་རྒྱལ་ས་བཟུང༌། དེའི་སྲས་ཐའི་ཛུང་གི་རྒྱལ་པོའི་དུས་སུ། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་དུས་མཉམ་སྟེ། རྒྱལ་པོ་དེའི་སྲས་མོ་འོན་ཤིང་ཀོང་ཇོ་བོད་དུ་བྱོན་པ་ཡིན་ནོ། །དེ་ལ་བུ་བདུན་བྱུང་བ། རིམ་པ་བཞིན་དུ་རྒྱལ་ས་བཟུང༌། བུ་ཆེ་བའི་བརྒྱུད་ཛུང་ཛུང་རྒྱལ་པོ་རྒྱལ་སར་བྱོན་ཏེ། དེ་ནི་ཐང་གི་རྒྱལ་བརྒྱུད་ལྔ་པ་ཡིན་ནོ།། དེ་དང་བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་གཉིས་པོ་དུས་མཉམ་སྟེ། རྒྱལ་པོ་དེའི་བུ་མོ་གྱིམ་ཤིང་ཀོང་ཇོ་བོད་དུ་བྱོན་པ་ཡིན་ནོ། །དེའི་སྲས་ཐང་ཟན་ཟུང་བྱ་བས་རྒྱལ་ས་བཟུང༌། དེའི་རྗེས་སུ། དེའི་བློན་པོ་ཧང་ཆའོ་ཟེར་བ་ཞིག་གིས་ངོ་ལོག་བྱས་ནས་རྒྱལ་ས་ཕྲོགས། དེ་ནས་ལོང་ཞེས་བྱ་བའི་རྒྱལ་བརྒྱུད་རིགས་ལྔ་བྱུང་ནས། ལོ་ལྔ་བཅུའི་བར་དུ་རྒྱལ་ས་བཟུང༌། དེའི་རྗེས་སུ་ཅིའུ་ཐའི་དུ་ཟེར་བའི་རྒྱལ་པོ་བྱུང་ནས། འདི་ནས་རྒྱལ་ས་མི་ཉག་ལ་ཤོར། འདིའི་རྒྱལ་བརྒྱུད་རིམ་པ་བརྒྱད་ཀྱི་བར་དུ་སྤན་ལོང་དུ་བྱུང་སྟེ། སྨན་རྩེ་ལྷ་བཙུན་གྱི་བར་དུའོ། །ཡང་རྒྱའི་རྒྱལ་ས་མི་ཉག་ལ་ཤོར་བའི་ལོ་རྒྱུས་ལ། མི་ཉག་གི་རྒྱལ་ཁམས་ཐམས་ཅད་རྒྱའི་འོག་ན་ཡོད་པ་ལ། བྱང་ངོས་དང་འགའི་བར་ན། སྨོན་ཤྲི་ཞེས་པའི་རི་གཅིག་ལ་ཀླུ་བདུད་གདུག་པ་ཅན། སེ་ཧཱུ་ཟེར་བ་མཆོད་ན་འཕྲལ་གྱི་ཕན་བདེ་ཙམ་ལས་སྟེར་