R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 140
[A:140]གྱིས་དམ་ཁ་སྐྱེལ་དུ་ཕྱིན་པས། ཀླུ་བདུད་དེའི་བུ་རྟ་པ་མང་པོ་དང་འཕྲད་དེ། དམ་ཁ་བླངས་རྒྱའི་རྒྱལ་པོ་བསད། དེ་ནས་རིམ་གྱིས་བློན་པོ་རྣམས་ཀྱང་བསད་ནས། རྒྱའི་རྒྱལ་ཁམས་མི་ཉག་གིས་དབང་བྱས་པས། ཀླུ་བདུད་ཀྱི་བུ་མི་ཉག་རྒྱལ་པོ་དེའི་མིང་ཀྱང་ཕའི་མིང་ནས་དྲས་ཏེ། སེ་ཧཱུ་རྒྱལ་པོ་ཞེས་གྲགས། དེ་ནས་རྒྱལ་རབས་དྲུག་ན། མི་ཉག་གི་རྒྱལ་པོ་རྒྱལ་རྒོད་བྱ་བ་བྱུང༌། མི་ཉག་སེ་ཧཱུ་རྒྱལ་པོ་ནས་རྒྱལ་རྒོད་ཡན་ལ་ལོ་ཉིས་བརྒྱ་དྲུག་ཅུ་མི་ཉག་རྒྱལ་པོའི་བསྟན་པ་བྱུང་བ་ཡིན་ནོ། །ཧོར་གྱི་རྒྱལ་པོ་ལ་སྔ་བ་གནམ་གྱི་བུ་སྦོར་ཐ་ཆེ། དེའི་སྲས་བ་ཆི་ཁན། དེའི་སྲས་ཐམ་ཆ། དེའི་སྲས་ཁི་ཆེ་མེར་ཁན།
འདི་གུ་རུའི་སྤྲུལ་པ་ཡིན་ཟེར།
དེའི་སྲས་ཨའུ་ཛོམ་སྦོ་རོ་འོལ། དེའི་སྲས་ཨེ་ཀ་དེ་འུན། དེའི་སྲས་སེམས་ཟའོ་ཇི། དེའི་སྲས་ངབ་ཆུ། དེའི་སྲས་ངོར་བུན་ཆེར་ཁན། དེའི་རྗེས་ལ་ནག་མོ་ཨ་ལན། དེའི་སྲས་བོ་ལ་པ། དེའི་སྲས་བོ་དོན་ཆར་མུ་ཁག དེའི་སྲས་ག་བི་ཆི། དེའི་སྲས་བི་ཁེར། དེའི་སྲས་མ་ནན་ཐོ་དོན། དེའི་སྲས་གའི་ཐུ་གན། དེའི་སྲས་བའི་ཤིང་ཐོར་དོག་ཤིང༌། དེའི་སྲས་བུ་དུམ་བི་ནིའི་ཁན། དེའི་སྲས་གལ་བུ་ཁན། དེའི་སྲས་བར་ཐན་པ་དུར། དེའི་སྲས་ཡེ་བུན་ཀ་བ་དུར། དེའི་སྲས་ཐའི་ཛུང་ཛིང་ཁི། འདི་ཡན་རྒྱ་དང་མི་ཉག་གིས་བཟུང་ནས་ཧོར་ལ་བསྟན་པ་མེད། དེ་ནས་ཚེ་རིང་གནམ་གྱི་ཤེ་མང་ལ་བརྟེན་ནས། སྟོབས་ཀྱི་དབང་ཐོབ་པའི་རྒྱལ་པོ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་སོང་བ་ན། ཧོར་ཇིང་གིན་གན་གྱི་རྒྱལ་པོ་བྱོན་ནས། རྒྱ་དང་མི་ཉག་ཐམས་ཅད་འོག་ཏུ་བཅུག་ནས། རྒྱལ་ས་ལོ་ཉི་ཤུ་རྩ་གསུམ་བཟུང༌། རྒྱལ་ཁམས་ལ་དབང་བསྒྱུར། ཇི་གིན་རྒྱལ་པོའི་གཅུང་པོ། ཨུ་རུ་ཀའི་རྒྱལ་པོ། ཇི་གིན་གན་གྱི་རྒྱལ་པོ་ལ། སྲས་བཞི་མདོ་འཆི་