R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 157
[A:157]བསྒྲིབས་ནས་མུན་པར་བྱས། །འཇིགས་པའི་རླུང་དམར་ས་གཞི་གཡོ་བ་ལྟར། ། རྩི་ཤིང་ནགས་ཚལ་ཐམས་ཅད་འགྱེལ་བར་གྱུར། །རྒྱ་མཚོའི་གཡོར་མོར་སེང་གེ་མཆོངས་པ་བཞིན། །དབའ་ཀློང་འཁྲུགས་པས་གནམ་ས་བརྡེབ་པ་ཙམ། །ཚོང་པ་རྣམས་ནི་གཅིག་ལ་གཅིག་འཇུས་ཤིང༌། །རང་རང་ཉེ་དུའི་མིང་ནས་འབོད་ཅིང་ངུ་༑ ༑སྐྲག་ཅིང་དངངས་ནས་འོ་དོད་འབོད་བྱེད་ཅིང༌། །མགོན་མེད་ཉམ་ཐག་མཆི་མ་ཁྲག་ཏུ་འབྱིན། །དེ་ཡི་མོད་ལ་གྲུ་ཡང་ཞིག་པར་གྱུར། །དེ་ནས་ཚོང་པ་རྣམས་ཀྱིས་གྲུ་ཞིག་པའི་ཤིང་ལ་ལེགས་པར་འཇུས་པ་དང༌། ཡང་མི་འདོད་པའི་རླུང་ཆེན་པོ་གཅིག་གིས་ཕྱོགས་གཅིག་ཏུ་དེད་ནས། སྲིན་མོ་ཡོད་པའི་སིངྒ་ལའི་གླིང་ཞེས་པ་དེའི་འགྲམ་དུ་བསྐྱལ་ལ། དེར་ཚོང་པ་རྣམས་གཅིག་གིས་གཅིག་ལ་མིང་ནས་འབོད་ཅིང་སྐམ་ལ་སླེབས་སོ། །དེར་སྲིན་མོ་རྣམས་ཀྱིས་ཚོར་ཏེ། བུད་མེད་གཞོན་ནུ་མ་ཤིན་ཏུ་མཛེས་པར་སྤྲུལ། བཟའ་བཏུང་མང་པོ་ཁྱེར་ནས་ཚོང་པ་རྣམས་ཀྱི་རྩར་འོང་སྟེ། ཁྱེད་ཅག་རྣམས་འོ་མ་བརྒྱལ་ལམ། ཉོན་མ་མོངས་སམ་ཞེས་སེམས་གསོ་ཤིང༌། བློ་བྲིད་ནས་བཟའ་བཏུང་གིས་ཚིམ་པར་བྱས་སོ། །ཚོང་པ་རྣམས་ཀྱིས་ནི་སྲིན་མོ་ཡིན་པར་མ་ཤེས་ཏེ། བུད་མེད་ཤིན་ཏུ་མཛེས་པར་མཐོང་ནས་རབ་ཏུ་དགའ་སྟེ། ཕན་ཚུན་མཐུན་པའི་གཏམ་བྱས་སོ། །དེར་སྲིན་མོ་རྣམས་ཁ་འཆམ་པར་ཁྱེད་ཅག་ཚོང་པ་རྣམས་ལུང་པའི་ཕུ་ཡ་གིར་མ་འགྲོ་ཞིག་ཟེར་རོ། །བུད་མེད་རེ་རེས་ཚོང་པ་རེ་རེ་ཁྲིད་ནས་རང་གི་ཁྱིམ་དུ་ཕྱིན་ཏེ། བཟའ་མི་བྱས། བུ་ཚས་འབྲེལ་ནས་དགའ་མགུར་ལོངས་སྤྱོད་དོ། །སྐལ་ངན་ལས་ཀྱིས་མནར་བའི་ཚོང་པ་རྣམས། །མི་འདོད་ལོག་པའི་རླུང་གིས་ཁྱེར་བ་ན། །འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཚུད་འདྲ། །འཆི་བདག་ལག་ཏུ་ཚུད་ནས་ཐར་ཐབས་