[A:158]མེད། །དེ་ལ་ཆུང་མར་འཛིན་པའི་བསམ་བརླག་ཚོ། །སྲིན་མོ་ལྷ་མོར་མཐོང་བའི་འཁྲུལ་སྣང་ཅན། །བསླུ་བྲིད་ཟས་ཀྱིས་རབ་ཏུ་ཚིམ་པ་ན། །སྔར་གྱི་སྡུག་བསྔལ་རྨི་ལམ་བཞིན་དུ་བརྗེད། །དེ་ཡི་ཡིད་ཀྱང་དགའ་བས་ཚིམ་པར་འགྱུར། །ཞེས་པའི་སྒྲ་བྱུང་ངོ༌། །དེ་ནས་དེད་དཔོན་ཆེན་པོ་དེས། སྲིན་མོའི་གླིང་ཡིན་པར་ངོ་ཤེས། སྡུག་བསྔལ་ཞིང་ཡི་མུག་པར་གྱུར་ནས། ད་ལྟ་སྐྱིད་པར་བྱུང་སྟེ། ཕུགས་ཅི་འདྲ་ཞིག་འོང་བསམས་ནས། སེམས་ཤིན་ཏུ་མ་བདེ་བར་གྱུར་ཏེ། ལུང་པའི་ཕུར་མ་འགྲོ་ཟེར་བ་དེ་ན་ཅི་ཡོད་དམ་བསམས་ནས། དེད་དཔོན་རང་གི་ཆུང་མ་གཉིད་དུ་སོང་བ་དང༌། མཚན་ནས་དོན་ཏེ་ལུང་པའི་ཕུ་དེར་བལྟར་ཕྱིན་པས། ལྕགས་ཀྱི་ཁང་པ་སྒོ་མེད་པ་ཞིག་གི་ནང་ན། སྐད་ལོག་དི་རི་རི་འདུག་ནས། ཅི་ཡིན་བསམས་ནས་ཉན་པས། རྒྱ་གར་གྱི་ཚོང་པའི་སྐད་དུ་ངོ་ཤེས་ནས། དེའི་རྩ་ན་ཤིང་སྡོང་པོ་གཅིག་འདུག་པ་ལ་འཛེགས་པ་དང༌། དེའི་ནང་ན་སུ་ཡོད་པ་ཡིན་བྱས་པས། དེའི་ནང་གི་མི་རྣམས་ན་རེ། འདིའི་ནང་ན་ངེད་ཚོང་པ་ལམ་ནོར་བ་རྣམས་ཡོད་ཟེར། ཁྱེད་རྣམས་འདིར་དུས་ཇི་ཙམ་ན་ཚུད་བྱས་པས། ངེད་རྣམས་ཀྱང་ཁྱེད་ཅག་རྣམས་དང་འདྲ་སྟེ། གྲུ་གཟིངས་མི་འདོད་པའི་རླུང་གིས་ཁྱེར་ནས་འདིར་སླེབ་སྟེ། བུད་མེད་འདི་རྣམས་ཀྱིས་ཁྲིད། འདི་རྣམས་སྲིན་མོ་ཡིན་པར་ངོ་མ་ཤེས་པས། བཟའ་མི་བྱས། བུ་ཚས་འབྲེལ་སྐྱིད་པར་གྱུར་པ་ལས། ཁྱེད་ཅག་རྣམས་གླིང་འདིར་ཚུད་པ་དང༌། ངེད་ཅག་རྣམས་ལྕགས་ཁང་སྒོ་མེད་འདིར་བཅུག་གོ ༑ད་ནི་ངེད་རྣམས་རིམ་གྱིས་ཟའི་ཡོད། ངེད་རྣམས་ཀྱི་སྡུག་བསྔལ་སྲོག་དང་བྲལ་བའི་དངངས་སྐྲག་འདི་ལ་བསམ་ལ། ཁྱེད་ཅག་རྣམས་ད་ལྟ་ཉིད་དུ་བྲོས་ཤིག ད་ལྟ་འབྲོས་པའི་སྐབས་ཡིན་ནོ། །ལྕགས་ཁང་འདིར་ཚུད་ནས་འབྲོས་ས་