R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 156
[A:156]བཞིན་སྟོང་དུ་བྱེ་བ་འདི། ཕྱག་སྟོང་དུ་བྱིན་གྱིས་བརླབས་སོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌། །ཕྱག་སྟོང་གི་མཐིལ་དུ་སྤྱན་སྟོང་དུ་བྱིན་གྱིས་བརླབས་སོ། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེ་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། སངས་རྒྱས་སྟོང་གིས་རབ་ཏུ་བསྔགས་པ་སྟེ། །མཐའ་འཁོབ་འདུལ་བར་རྒྱལ་བས་ལུང་བསྟན་ནས། །གང་ལ་གང་འདུལ་འགྲོ་བའི་དོན་མཛད་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཁ་བ་ཅན་པའི་སེམས་ཅན་རྣམས་འདུལ་བའི་དོན་དུ། སྐུ་ལུས་ཀྱི་སྤྲུལ་པ་མང་པོ་བསྟན་ནས། སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཁ་བ་ཅན་པའི་སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་པའི་ལེའུ་སྟེ་ལྔ་པའོ།། །། དྲུག་པ། རྟའི་རྒྱལ་པོར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་སྐོར། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས། ཐབས་དུ་མའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་དེ། དགེ་སྡིག་གི་བླང་དོར་གྱི་དཔེ་བསྟན་པའི་ཕྱིར། མདོ་ཟ་མ་ཏོག་ལས། རྟའི་རྒྱལ་པོ་ཅང་ཤེས་བ་ལ་ཧའི་སྐུར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་ནས། དེའང་རྒྱ་གར་ལྷོ་ཕྱོགས་ཀྱི་ཚོང་པ། བསོད་ནམས་དམན་པ་མང་པོ་ཞིག ཕྱིའི་རྒྱ་མཚོ་ལ་ནོར་བུ་ལེན་པར་ཆས་ཏེ། རང་རང་གི་མཁོ་བའི་ཡོ་བྱད་དུ་མ་དང་བཅས་ནས། གྲུ་གཟིངས་ཆེན་པོར་ཞུགས་པ་ལས། ཞག་བདུན་ལོན་པའི་ཚེ། མི་འདོད་པའི་རླུང་གིས་བར་གཅོད་བྱས་པ་འདི་ལྟ་སྟེ། ཉིན་གུང་སྤྲིན་ནག་ན་བུན་འཐིབ་པ་བཞིན། །ཉི་མའི་འོད་ཟེར་