[A:159]ཡང་མེད་ལ། ཐར་ཐབས་ཀྱང་མེད་དོ་ཟེར་རོ། །ཡང་དེད་དཔོན་ན་རེ། འོ་ན་ངེས་པ་ཉིད་དུ་འབྲོས་ཏེ། ཐབས་མེད་བྱས་པས། ཁོང་རྣམས་ན་རེ། འབྲོས་པའི་ཐབས་འདུག་གོ །ངེད་རྣམས་ཀྱང་འབྲོས་དགོས་བསམ་སྟེ། འདོད་ཡོན་ལ་ཆགས་པས་ལན། ཁྱེད་ཅག་རྣམས་ཅི་དང་གང་ལ་ཡང་མ་ཆགས་པར་བྲོས་ཤིག དེ་ལ་འབྲོས་པའི་ཐབས་ནི། འདི་ནས་ལ་ཆུང་ཞིག་བརྒལ་བའི་བྱང་ངོས་ན་གསེར་གྱི་བྱེ་མའི་དཀྱིལ་ན། གཡུའི་ཆུ་མིག་གཅིག་འདུག དེའི་མཐའ་བཻཌཱུརྱའི་ལྗང་པས་བསྐོར་བ་ཞིག་འདུག་སྟེ། ཚེས་བཅོ་ལྔའི་ནུབ་མོ། ནམ་མཁའ་ནས་རྟའི་རྒྱལ་པོ་བ་ལ་ཧ་ཞེས་པ། སྒལ་པའི་སྟེང་ན་མི་བརྒྱ་རེ་ཙམ་ཞོན་ཆོག་པ་ཤིན་ཏུ་མཛེས་པ་ཞིག་ཟླ་བའི་ཟེར་དང་འགྲོགས་ནས་དེར་འོང་བར་ཡོད་པར་འདུག གཡུའི་ཆུ་མིག་ནས་འཐུངས། བཻཌཱུརྱའི་ལྗང་པ་ནས་ཟོས། གསེར་གྱི་བྱེ་མ་ལ་འགྲེ་ལོག་ལན་གསུམ་བྱས་རྟིང༌། ལུས་སྤྲུག་སིལ་བ་ཞིག་བྱས་ནས། རྟ་སྐད་མིའི་སྐད་དུ་བཏོན་ནས། རྒྱ་གར་བའི་ཚོང་པ་སྲིན་མོའི་གླིང་དུ་ཚུད་པ་སུ་ཡོད་གང་ཡོད་ཐམས་ཅད་ངའི་རྒྱབ་ཏུ་ཞོན་ཅིག ངས་ནི་ཁྱེད་རྣམས་རང་གི་ཡུལ་དུ་བསྐྱལ་ལོ་ཟེར་བའི་སྤྲུལ་པའི་རྟ་མཆོག་ཞིག་འོང་གི་ཡོད་ཟེར། དེ་ལ་ཞོན་ནས། ལོངས་སྤྱོད་དང་བུ་ཚ་གང་ལའང་མ་ཆགས་པར་མིག་བཙུམ་ནས་བྲོས་ན་ཐར་ཟེར་རོ། ། དེད་དཔོན་གྱིས་དེ་བཞིན་བྱེད་དགོས་བསམས་ནས། ཕྱིར་སླེབ། རང་གི་ཆུང་མ་སྲིན་མོ་ཉལ་བའི་མལ་དུ་ཞུགས་པ་དང༌། ཆུང་མས་ཚོར་ཏེ། འདི་སྐད་ཅེས་ཟེར་རོ༑ ༑ཚོང་པ་བློ་ཉེས་རང་སྲོག་རང་གིས་གཅོད། །བསམ་པ་གཞན་དུ་བཏང་ན་ཁྱོད་ཉིད་ཕུང༌། །ཚོང་དཔོན་ཁྱོད་གར་ཕྱིན་ལུས་རེ་གྲང་ཟེར་བ་ལ། ཚོང་དཔོན་གྱིས་བདག་དྲི་ཆུ་འདོར་དུ་ཕྱིན་ནོ་ཞེས་རྫུན་སྨྲས་སོ། །དེ་ནས་དེད་དཔོན་གྱིས་