R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 160
[A:160]ཚོང་ཕྲུག་རྣམས་ལྐོག་ཏུ་བསགས་ནས་ལོ་རྒྱུས་རྣམས་ཞིབ་པར་བཤད་པ་དང། ཐམས་ཅད་བྲོས་པར་ཁ་འཆམ་མོ། །དེ་ནས་ཚེས་བཅོ་ལྔའི་ནུབ་མོ། སྲིན་མོ་རྣམས་ལ་སྨྱོ་བྱེད་ཀྱི་རྫས་བྱིན་ནས། གཉིད་དུ་སོང་བ་དང། དེད་དཔོན་གྱིས་ཚོང་ཕྲུག་རྣམས་ཁྲིད་ནས་ལ་ཆུང་བརྒལ་བའི་བྱང་ངོས། གསེར་གྱི་བྱེ་མའི་སྟེང༌། གཡུའི་ཆུ་མིག་གི་དྲུང༌། བཻཌཱུརྱའི་ལྗང་པ་ཡོད་པའི་རྩར། རྟའི་རྒྱལ་པོ་བ་ལ་ཧ་སྒུག་ཏུ་ཕྱིན་ཏོ། །དེ་ནས་རིང་པོ་མ་ལོན་པར། ཟླ་བའི་ཟེར་ལ་འཇའ་ཚོན་གྱི་འོད་དང་བཅས་ཏེ། རྟའི་རྒྱལ་པོ་ནམ་མཁའ་ནས་བྱོན་ནོ། །དེར་རྟ་མཆོག་དེས། གཡུའི་ཆུ་མིག་ནས་འཐུང༌། བཻཌཱུརྱའི་ལྗང་པ་ནས་ཟོས། གསེར་གྱི་བྱེ་མ་ལ་འགྲེ་ལྡོག་ལན་གསུམ་བྱས། ལུས་སྤྲུག་སིལ་བ་ཞིག་བྱས་ནས། མིའི་སྐད་དུ་བཏོན་ནས། ཚོང་པ་སྲིན་མོའི་གླིང་དུ་ཚུད་པ་སུ་ཡོད། ཐམས་ཅད་ངའི་རྒྱབ་ཏུ་ཞོན་ཅིག སྲིན་མོའི་ལང་ཚོ། བུ་ཆུང༌། ལོངས་སྤྱོད་གང་ལ་ཡང་མ་ཆགས་པར་མིག་ཚུམ་ཞིག ངས་ནི་ཁྱེད་རང་རྣམས་ཀྱི་ཡུལ་དུ་བསྐྱལ་ལོ་གསུངས་པས། དེད་དཔོན་ན་རེ། འགྲོ་བ་འདྲེན་པའི་རྟ་མཆོག་སྤྲུལ་པའི་སྐུ། །བདག་ཅག་ཚོང་པ་རྣམས་དང་ལྷན་ཅིག་ཏུ། །རྒྱ་མཚོའི་གླིང་དུ་ནོར་བུ་ལེན་དུ་འོང༌། །བསོད་ནམས་ཟད་པས་གྲུ་ཆེན་རྒྱ་མཚོར་ཞིག །ལོག་པའི་རླུང་གིས་སྲིན་མོའི་གླིང་དུ་དེད། །ལས་ངན་འཆི་བདག་སྲིན་མོའི་གླིང་དུ་ཚུད། །དེ་ལ་འབྲོས་པའི་ཐབས་གཞན་མ་མཆིས་པས། ། རྟ་མཆོག་ཐུགས་རྗེ་ཅན་གྱིས་བསྐྱབ་ཏུ་གསོལ། །ཞེས་སྨྲས་ཏེ། དེད་དཔོན་གྱིས་རྟའི་མཇིང་པ་ལ་ཞོན་ནས་རྣ་མཆོག་ལ་མཆོངས། ཚོང་ཕྲུག་རྣམས་ཀྱིས་རྟའི་རྒྱབ་ཏུ་ཞོན་ཏེ། སྲིན་མོའི་ཁང་པ་བུ་དང་ལོངས་སྤྱཽད་གང་དང་ཅི་ཐམས་ཅད་ལ་མ་ཆགས་པར་གྱིས་ཤིག ཡིད་ལ་འགྱུར་བ་ཙམ་ཡང་མ་བྱེད་ཅིག རྒྱ་མཚོའི་མཐར་