[A:161]མ་སླེབ་བར་དུ་མིག་ཚུམ་ཅིག་གསུངས་ཏེ། རྟ་མཆོག་དེས་ནམ་མཁའ་ལ་ཁྱེར་བ་དང༌། སྲིན་མོ་རྣམས་ཀྱིས་ཚོར་ཏེ། བུ་ཚ་ཁྲིད་བྱུང་ནས་འདི་སྐད་ཟེར་རོ། །མཐོན་པོར་བརྩིགས་པའི་ས་མཁར་བསྐྱུར་ཕོད་དམ། །མཐུན་པར་འགྲོགས་པའི་བཟའ་མི་བསྐྱུར་ཕོད་དམ། །ཤ་ནས་ཆད་པའི་བུ་ཚ་བསྐྱུར་ཕོད་དམ། །ཞིམ་པོར་ཟ་བའི་བཟའ་བཏུང་བསྐྱུར་ཕོད་དམ། །མི་ངན་པ་ཁྲེལ་མེད་པོ་ཞེས་ཟེར་ནས། ལ་ལས་ནི་བུ་ཚ་ནམ་མཁའ་ལ་འཕྱར། ལ་ལས་ནི་གོས་ཀྱི་གཡབ་མོ་བྱས་པས། ཚོང་ཕྲུག་རྣམས་ཀྱིས་ཐོས་པ་དང༌། སྙིང་གི་དཀྱིལ་དུ་མདའ་ཕོག་པ་ལྟར་བྱུང་ནས། ཤིན་ཏུ་ཡང་བདེན་བསམས་ནས་ཕྱི་མིག་བལྟས་པས། དེད་དཔོན་མ་གཏོགས་པ་ཐམས་ཅད་ཆགས་ནས་ཕྱི་མིག་བལྟས་པས་ཐམས་ཅད་ལྷུང་ངོ༌། །ལྷུང་བ་དང་སྲིན་མོ་རྣམས་ཀྱིས་བཟུང་སྟེ། སྔར་གྱི་ལུས་མཛེས་པ་དེ་མེད་པར་སྲིན་མོའི་གཟུགས་སུ་བྱས་ནས། མགོ་གཟིང་བ་ནུ་མ་ཕྲག་པ་ལ་བཀལ། མཆེ་བ་གཙིགས་ནས། དར་ཅིག་ཀྱང་སྡོད་དབང་མེད་པར་ཟོས་སོང་ངོ༌། །དེ་ནས་རྟ་མཆོག་གིས་རྒྱ་མཚོའི་འགྲམ་དུ་སླེབ་པ་དང༌། ཚོང་དཔོན་ལ་མིག་ལྟོས་ལ་བོབས་ཤིག་ཟེར་རོ། །དེར་མིག་བལྟས་པས། རྟའི་རྒྱབ་ན་ཚོང་ཕྲུག་ཐམས་ཅད་མི་འདུག་ནས། ཤིན་ཏུ་སྡུག་བསྔལ་བར་གྱུར་ནས། རྟ་མཆོག་རྒྱལ་པོ་ངའི་ཚོང་ཕྲུག་རྣམས་ག་རེ་ཟེར་ཞིང་ངུས་པས། རྟ་མཆོག་དེའང་ལག་པ་ས་ལ་བརྡབ་ཅིང་མཆི་མ་ཕྱུང་ནས་འདི་སྐད་དོ། ཁྱོད་ཀྱི་བསོད་ནམས་ཟད་པའི་ཚོང་ཕྲུག་རྣམས། །རང་ཡུལ་འཛམ་བུའི་གླིང་ལ་མ་བསམ་པར། །ལས་ངན་སྲིན་མོའི་གླིང་ལ་ཆགས་པས་ཕུང༌། །ཕ་མ་འདོད་པའི་གྲོགས་ལ་མི་བསམ་པར། །ལང་ཚོ་སྲིན་མོའི་གདོང་ལ་ཆགས་པས་ཕུང༌། །ཉེ་དུ་ཕན་པའི་བུ་ལ་མི་བསམ་པར། །བསླུ་བྲིད་སྲིན་མོའི་བུ་ལ་ཆགས་པས་ཕུང༌། །