R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 165
[A:165]བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། དགེ་བའི་བཤེས་གཉེན་རྒྱུན་ཆད་མེད་པར་འབྱུང་བ། རིན་པོ་ཆེའི་གཏེར་ཁ་བྱེ་བ། ཕན་བདེ་དང་དགེ་ལེགས་ཕྱོགས་བཅུར་རྒྱས་པ་སོགས་བྱིན་གྱིས་བརླབས་སོ། །དེ་ནས་སྤྲེའུ་དང༌། བྲག་སྲིན་མོ་གཉིས་བཟའ་མི་བྱས་པས། འགྲོ་བ་རིགས་དྲུག་ནས་ཚེ་འཕོས་པའི་སྤྲེའུ་ཕྲུག་རྣམས་སྤྱོད་ལམ་མི་འདྲ་བ་དྲུག་སྐྱེས་སོ། །དེ་ཡང༌། སེམས་ཅན་དམྱལ་བ་ནས་ཚེ་འཕོས་པའི་སྤྲེལ་ཕྲུག་དེ། ངོ་ནག་ལ་སྡུག་སྲན་ཆེ་བ་ཅིག་འདུག ཡི་དྭགས་ཀྱི་གནས་ནས་ཚེ་འཕོས་པའི་སྤྲེལ་ཕྲུག་དེ། བཞིན་མི་སྡུག་པ་ཟས་ལ་གདུང་བ་ཞིག་འདུག དུད་འགྲོའི་གནས་ནས་ཚེ་འཕོས་པའི་སྤྲེལ་ཕྲུག་དེ། གླེན་ལ་རོད་ངན་པ་ཞིག་འདུག མིའི་གནས་ནས་ཚེ་འཕོས་པའི་སྤྲེལ་ཕྲུག་དེ། ཤེས་རིག་རྒྱས་པ་སེམས་ཆུང་བ་ཞིག་འདུག ལྷ་མ་ཡིན་གྱི་གནས་ནས་ཚེ་འཕོས་པའི་སྤྲེལ་ཕྲུག་དེ། ཐུ་ལ་ཕྲག་དོག་ཆེ་བ་ཞིག་འདུག ལྷའི་གནས་ནས་ཚེ་འཕོས་པའི་སྤྲེལ་ཕྲུག་དེ། ངང་རྒྱུད་རིང་ལ་སེམས་དགེ་བ་ཞིག་འདུག་གོ །དེར་སྤྲེལ་ཕྲུག་དྲུག་པོ་དེ་ནི་ཕ་བྱང་ཆུབ་སེམས་དཔའ་སྤྲེའུས། ནགས་མ་བྱ་ཚོགས་བྱ་བ། ཤིང་ཐོག་མོད་པ་ཞིག་ཏུ་བསྐྱལ་ནས་ལོ་གསུམ་བཞག་གོ །ལོ་གསུམ་ལོན་པ་དང༌། སྤྲེའུ་བྱང་ཆུབ་སེམས་དཔའ་བལྟར་ཕྱིན་པས། ལས་ཀྱི་དབང་གིས་སྤྲེལ་ཕྲུག་ལྔ་བརྒྱར་འཕེལ་འདུག་གོ །དེ་ནས་ཤིང་ཐོག་རྣམས་ཟད། གཞན་ཟ་རྒྱུ་མེད་ནས་ཕ་མས་ཅི་ཡང་མ་ཟོས་ཀྱང༌། ཕ་ཅི་ཟ་མ་ཅི་ཟ་ཟེར་ཞིང༌། ལག་གདེངས་ལ་ཉམ་ཐག་སྟེ། དབུལ་ཕོངས་སོ། །དེར་བྱང་ཆུབ་སེམས་དཔའ་སྤྲེའུ་བསམ་པར། ང་ཉོན་མོངས་པའི་དབང་དུ་སོང་བ་ནི་མིན། འཕགས་པའི་བཀའ་བསྒྲུབས་པས་སྤྲེལ་ཕྲུག་འདི་ཙམ་དུ་སོང་འདུག་སྙམ་ནས། སྐད་ཅིག་ལ་རི་བོ་པོ་ཏ་ལར་ཕྱིན་