[A:166]ནས། འཕགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ། ཁྱིམ་ཐབས་འཁོར་བའི་བཙོན་རར་མ་ཤེས་ཤིང༌། །བུད་མེད་བདུད་ཀྱིས་བསླུས་པ་མ་ཤེས་པས། །བུ་ཚས་འཁོར་བའི་འདམ་དུ་བདག་ཚུད་དོ། །འདོད་པ་དུག་གི་ལོ་མར་མ་རྟོགས་པས། །སྙིང་རྗེས་ཆགས་པར་གྱུར་པས་བདག་བསླུས་སོ། །འདོད་པས་བསྡམས་ཤིང་སྡུག་བསྔལ་རི་ཡིས་ནོན། །ཉོན་མོངས་དུག་ཟོས་ལས་ངན་རིམས་ཀྱིས་བཏབ། །སྡུག་བསྔལ་ཕུང་པོས་བདག་ཉིད་མནར་གྱུར་ན། །ཀྱེ་མ་ཀྱེ་ཧུད་བྱམས་མགོན་ཐུགས་རྗེ་ཅན། །ད་ནི་ཇི་ལྟར་བྱས་ན་བུ་ཚ་གསོ། །འཕགས་པས་གནང་བས་བདག་ནི་འདི་ལྟར་འགྱུར། །ད་ལྟ་ཡི་དྭགས་གྲོང་ཁྱེར་ལྟ་བུར་འདུག །ཕྱི་མ་དམྱལ་བར་སྐྱེ་བར་ཐེ་ཚོམ་མེད། །དེ་ཕྱིར་བདག་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ།། ཞེས་གསོལ་བ་བཏབ་པས། འཕགས་པའི་ཞལ་ནས་ཁྱོད་ཀྱི་རིགས་བརྒྱུད་རྣམས་ངས་བསྐྱང་ངོ་གསུངས་ནས། འཕགས་པ་ཡར་བཞེངས་དེ། ནས། གྲོ། སྲན་མ། བྲ་བོ། སོ་བ་རྣམས་རི་རབ་ཀྱི་ཁོང་སེང་ནས་བླངས་ཏེ། ས་ལ་གཏོར་བས་ཡུལ་དེར་མ་རྨོས་པའི་ལོ་ཏོག་གིས་གང་བར་གྱུར་ཏོ། །དེ་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་སྤྲེལ་ཕྲུག་རྣམས་དེར་ཁྲིད་དེ། མ་རྨོས་པའི་ལོ་ཏོག་ལ་གཏད་ནས། ད་ཟོ་དང་བྱས་པས། ཟོ་དང་གོང་པོ་རི་ཡིན་ཟེར་རོ། །དེ་ནས་སྤྲེལ་ཕྲུག་རྣམས་ཀྱིས་ལོ་ཏོག་ཟོས་པས་ཚིམ་པར་གྱུར་ནས། སྤུ་ཡང་ཐུང་དུ་སོང༌། མཇུག་མ་ཡང་ཐུང་དུ་སོང་སྟེ། སྨྲ་ཤེས་ནས་མིར་གྱུར་ཏོ། །ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་ཞིང༌། གོས་སུ་ཤིང་ལོ་གོན་པར་གྱུར། དེ་ལྟར་ན་བོད་ཁ་བ་ཅན་པའི་མི་འདི་རྣམས་ཕ་སྤྲེའུ་དང༌། མ་བྲག་སྲིན་མོ་གཉིས་ལས་ཆད་པ་ཡིན་པས། རིགས་གཉིས་སུ་བྱེ་ཡོད་དོ། །དེ་ལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་རིགས་སུ་གྱུར་པ་ནི། ངང་རྒྱུད་