R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 164
[A:164]བདག་ལ་དགོངས་ཤིང་གསན་དུ་གསོལ། །བདག་ནི་ལས་ཀྱི་དབང་གིས་སྲིན་མོའི་རིགས་སུ་སྐྱེས། །འདོད་ཆགས་རྒྱས་པས་ཁྱེད་ལ་ཞེན་ཅིང་ཆགས། །ཆགས་པའི་དབང་གིས་ཁྱེད་ལ་བསྐོར་ཞིང་གསོལ། །བདག་ནི་ཁྱེད་དང་ཁྱིམ་ཐབས་མི་བྱེད་ན། །ཐ་མ་སྲིན་པོ་ཞིག་དང་འགྲོགས་ནས་ཀྱང༌། །ཉིན་རེ་ལའང་སེམས་ཅན་ཁྲི་རེ་གསོད། །ནུབ་རེ་ལའང་སྲོག་ཆགས་སྟོང་ཙམ་ཟ། །སྲིན་པོའི་ཕྲུ་གུ་དཔག་མེད་སྐྱེས་གྱུར་ནས། ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད་དུ། །སྲིན་པོའི་གྲོང་ཁྱེར་དག་ཏུ་གྱུར་ནས་ནི། །གང་ཡོད་སེམས་ཅན་སྲིན་པོས་ཟ་བར་འགྱུར། །དེ་བས་བདག་ལ་དགོངས་ནས་ཐུགས་རྗེས་ཟུངས། །ཞེས་གདུང་བའི་སྐད་ཀྱིས་མཆི་མ་ཕྱུང་བས། དེར་བྱང་ཆུབ་སེམས་དཔའ་སྤྲ྄ེའུའི་བསམ་པར། འདིའི་ཁྱོ་བྱས་ན་ནི་སྡོམ་པ་འཆོར་ལ། མ་བྱས་ན་ནི་སྡིག་པ་ཚབས་ཆེ་བར་འདུག་སྙམ་ནས། སྐད་ཅིག་ལ་རི་བོ་པོ་ཏ་ལར་འཕགས་པའི་དྲུང་དུ་ཕྱིན་ནས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །བདག་ནི་དགེ་བསྙེན་སྡོམ་པ་སྲོག་བཞིན་བསྲུངས། །བདུད་རིགས་སྲིན་མོ་ཆགས་པའི་འདུ་ཤེས་ཅན། །གདུང་བའི་སྨྲེ་སྔགས་སྣ་ཚོགས་བཏོན་གྱུར་ནས། །བདག་ལ་བསྐོར་ཞིང་སྡོམ་པ་འཕྲོག་ཏུ་བྱུང༌། །དེ་ལ་ཅི་ལྟར་བྱས་ན་སྡོམ་པ་བསྲུང༌། །བྱམས་མགོན་ཐུགས་རྗེ་ཅན་ཁྱོད་དགོངས་སུ་གསོལ། །ཞེས་གསོལ་བ་བཏབ་པས། འཕགས་པའི་ཞལ་ནས། བྲག་སྲིན་མོའི་ཁྱོ་གྱིས་ཤིག་གསུངས། ཇོ་མོ་ཁྲོ་གཉེར་ཅན་དང༌། ཇོ་མོ་སྒྲོལ་མ་གཉིས་ཀྱིས་ཀྱང༌། ནམ་མཁའ་ནས་དེ་ནི་ཤིན་ཏུ་ལེགས་སོ་གསུང་ངོ༌། །དེ་ནས་འཕགས་པས་སྤྲེའུ་དང༌། བྲག་སྲིན་མོ་གཉིས་བཟའ་མིར་བྱིན་གྱིས་བརླབས་ནས། ཁ་བ་ཅན་འདིར་ཡོན་ཏན་གསུམ་དང་ལྡན་ཏེ། མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་